ཟླ11པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2023ལོའི་མཚོ་འགག་འགྲམ་གཉིས་ཀྱི་ཁེ་ལས་པའི་རྩེ་ཚོགས་འཚོགས་ནས་ལོ10འཁོར་བའི་ལོ་ཚོགས་ལ་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་དེ་ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་ནང་ཁོངས་སུ་གཏོགས་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་བར་དུ་ལས་སྐལ་གཅིག་མཐུན་ཚོགས་པ་གྲུབ་ཡོད། མཚོ་འགག་འགྲམ་གཉིས་ཀྱི་ཁེ་ལས་པའི་རྩེ་ཚོགས་ནི་འགྲམ་གཉིས་ཀྱི་ཁེ་ལས་དང་དེ་བཞིན་བཟོ་ཚོང་ལས་རིགས་ཀྱི་མི་སྣའི་བརྗེ་རེས་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། རྩེ་ཚོགས་ཀྱིས་འགྲམ་གཉིས་ཀྱི་ཁེ་ལས་དང་བཟོ་ཚོང་ལས་རིགས་ལ་ཁྱབ་ཆེ་བའི་ངང་མཐུན་སྒྲིལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་སྟོབས་ལྡན་དུ་གཏོང་བ་དང་སྤུན་ཟླའི་བདེ་སྐྱིད་སྔར་ལས་ཆེ་རུ་གཏོང་བ། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གསར་བ་འབུལ་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད། འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་ཡངས་ཤིང་རྒྱ་ཆེ་བའི་བར་སྟོང་བཏོད་དེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བྱེད་པ་ལ། འགྲམ་གཉིས་ཀྱི་སྤུན་ཟླ་ཚོས་མཉམ་དུ་འབད་འཐབ་བྱེད་དགོས། ང་ཚོས་འགྲམ་གཉིས་ཀྱི་དཔལ་འབྱོར་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་མུ་མཐུད་འབད་དེ། འགྲམ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་དང་། ཐའེ་ཝན་སྤུན་ཟླར་བདེ་སྐྱིད་བསྐྲུན་རྒྱུའི་ལམ་ལུགས་དང་སྲིད་ཇུས་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཐའེ་ཝན་སྤུན་ཟླ་དང་ཐའེ་ཝན་ཁེ་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཞུགས་རྒྱུར་རོགས་རམ་བྱ་རྒྱུ་ཡིན། འགྲམ་གཉིས་ཀྱི་ཁེ་ལས་པས་མི་རིགས་ཀྱི་བདེན་དོན་རྒྱུན་འཁྱོངས་བྱེད་པ་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ། དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པར་བྱེད་པ། འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེ་དང་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལོ་རྒྱུས་མཉམ་སྐྲུན་བྱ་རྒྱུའི་རེ་ལྟོས་ཡོད་ཅེས་ནན་གྱིས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།