2023ལོའི་མཚོ་འགག་འགྲམ་གཉིས་ཀྱི་ཁེ་ལས་པའི་རྩེ་ཚོགས་འཚོགས་ནས་ལོ10འཁོར་བའི་ལོ་ཚོགས་ཀྱི་མགོ་རྩོམ་མཛད་སྒོ་དེ་ཟླ11པའི་ཚེས14ཉིན་ནན་ཅིང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་གནང་བར་མ་ཟད་ཤིས་ཚིག་ཕུལ།
ཝང་ཧུའུ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལས་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་དེ་ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་གྱི་ཁོངས་སུ་གཏོགས་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ནི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན་པའི་ཐུན་མོང་གི་ངོས་འཛིན་དང་གནས་ལུགས་བསྟན་ཡོད་ཅིང་། འགྲམ་གཉིས་ཀྱི་དཔལ་འབྱོར་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་རྩེ་གཅིག་ཏུ་གཞོལ་རྒྱུ་དང་། འགྲམ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། ཐའེ་ཝན་སྤུན་ཟླ་དང་ཐའེ་ཝན་ཁེ་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་མཉམ་འདྲེས་ཡོང་བར་རོགས་རམ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་པ་བཅས་ཀྱི་རྩ་དོན་གྱི་ལངས་ཕྱོགས་ཁྱབ་བསྒྲགས་གནང་བ་དེའི་སྟེང་ནས། འགྲམ་གཉིས་ཀྱི་ཁེ་ལས་དང་བཟོ་ཚོང་ལས་རིགས། རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་དང་ཐའེ་ཝན་ཁེ་ལས་བཅས་ལ་ཐུགས་ཁུར་གང་ལེགས་གནང་བཞིན་པ་མངོན་པར་མཚོན་ཡོད་ཅེས་གསུངས།
ཝང་ཧུའུ་ཉིང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་རྒྱུ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཐའེ་ཝན་སྤུན་ཟླ་དང་ཐའེ་ཝན་གྱི་ཁེ་ལས་ཀྱིས་སྐམ་ས་ཆེན་མོ་རུ་འཕེལ་རྒྱས་གཏོང་བར་གོ་སྐབས་བཟང་བོ་དང་བར་སྟོང་ཡངས་པོ་མཁོ་འདོན་བྱས་ཡོད། ང་ཚོས་འགྲམ་གཉིས་ཀྱི་སྤུན་ཟླས་ཞི་བདེ་དང་འཕེལ་རྒྱས། བརྗེ་རེས། མཉམ་ལས་བཅས་ཀྱི་ཐུན་མོང་གི་བསམ་འདུན་ལ་ཡོངས་སུ་བསྟུན་ཏེ། “འགྲམ་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་པ་དང་། འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་སྟོབས་ལྡན་དུ་གཏོང་ཆེད་སྟོབས་ཤུགས་གང་ཡོད་ལེགས་སྐྱེས་སུ་འབུལ་དགོས། འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་གཏོང་རྒྱུ་ནི། འགྲམ་གཉིས་ཀྱི་སྤུན་ཟླའི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཐུན་མོང་གི་བསམ་འདུན་དང་ཆེས་འཚམ་ལ། དུས་རབས་ཀྱི་འཕེལ་ཕྱོགས་དང་ཡོངས་སུ་མཐུན། འགྲམ་གཉིས་ཀྱི་སྤུན་ཟླ་ཚོས་མཉམ་དུ་ལག་གདང་སྦྲེལ་ནས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་ལངས་ཏེ། མི་རིགས་ཀྱི་བདེན་དོན་དང་དུས་རབས་ཀྱི་འགན་འཁྲི་མཉམ་ཁུར་བྱས་ནས། ཐའེ་ཝན་མཚོ་འགག་ལ་ཞི་བདེ་དོན་གཉེར་བྱེད་རྒྱུ་དང་། རྒྱལ་ཁབ་གཅིག་གྱུར་ཡོང་བར་བྱེད་པ། མི་རིགས་བསྐྱར་དར་ཡོང་བར་བྱེད་པ་བཅས་ལ་འབད་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།
རྩེ་ཚོགས་ཀྱི་ཐའེ་ཝན་ཕྱོགས་ཀྱི་ལས་འཛིན་དཔོན་ལིའུ་ཀྲའོ་ཞོན་གྱིས་ཤིས་ཚིག་འབུལ་སྐབས། ལོ་ངོ་བཅུའི་རིང་ལ། རྩེ་ཚོགས་ཀྱིས“གོ་གཉིས་ལོའི་ཐུན་མོང་ལྟ་བའི”རྨང་གཞིའི་སྟེང་དུ། འགྲམ་གཉིས་ཀྱི་ཐོན་ལས་མཉམ་ལས་ལ་ལས་སྟེགས་བསྐྲུན་ནས། འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་ཕུལ་ཡོད། སྐམ་ས་ཆེན་མོས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་དེ། འགྲམ་གཉིས་ཀྱི་ཁེ་ལས་ཀྱིས་མཉམ་དུ་ལག་གདང་སྦྲེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཞུགས་རྒྱུར་གོ་སྐབས་གསར་བ་མཁོ་འདོན་བྱས་ཡོད། ཕྱོགས་གཉིས་ཀས་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་ཡོང་བར་བྱེད་པ་དང་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གང་ལེགས་བཏང་ནས། མཉམ་དུ་མཛེས་པའི་ཕུགས་འདུན་བསྐྲུན་རྒྱུའི་རེ་ལྟོས་ཡོད་ཅེས་བསྟན།
མགོ་རྩོམ་མཛད་སྒོ་མ་བསྡུས་པའི་སྔོན་ལ། ཝང་ཧུའུ་ཉིང་གིས་ལོ་ཚོགས་ལ་ཞུགས་པའི་འགྲམ་གཉིས་ཀྱི་ཁེ་ལས་པའི་འཐུས་མིར་མཇལ་འཕྲད་གནང་བ་དང་། ཝང་ཏུང་ཧྥུན་དང་གོ་ཅིན་ལུང་། ཀྲང་ཕིང་སོགས་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།