རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་སྐུལ་སྤེལ་ཚོགས་འདུ་བསྡུས།
2023.11.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་སྐུལ་སྤེལ་ཚོགས་འདུ་ཟླ11པའི་ཚེས14ཉིན་གྱི་ཕྱི་དྲོར་བསྡུས། གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱེད་པའི་མདུན་དུ་སྐྱོད་དགོས་ཞེས་པའི་རེ་བ་ཆེན་པོ་དེར་དམ་པོར་དམིགས་ཤིང་། བསམ་བློ་བརྗེ་རེས་དང་ངོས་ཟིན་ཇེ་ཟབ་ཏུ་བཏང་སྟེ། བྱ་བར་བཀོད་སྒྲིག་དང་། བྱ་བ་སྣ་ཚོགས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།

གྲོས་ཚོགས་ནས་བསྟན་དོན། ལོ་མང་བོའི་རིང་ལ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཤུགས་ཆེན་པོས་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱབ་སྐྱོང་གང་ལེགས་བྱས་འོག རང་ཞིང་གིས་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱེད་སྐབས་མིག་དཔེར་བཟུང་ཆོག་པ་དང་ཁྱབ་གདལ་དུ་བཏང་ཆོག་པའི་ཉམས་མྱོང་སྐོར་ཞིག་བསགས་ནས། རིགས་སོ་སོའི་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་ཐོགས་བྱུང་ཡོད། མིག་སྔར་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དེ་གནད་འགག་གི་དུས་རིམ་དུ་གནས་པས། ཧུར་ཐག་སྒོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དོ་མཉམ་གྱི་གནད་བཙལ་ནས། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས། ལྷད་མེད་འཕེལ་རྒྱས་བཅས་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་སྐབས་ཁག་ཁུར་ཡོད་པའི་བྱ་སྤྱོད་གསར་བ་མངོན་པར་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། འཆར་འགོད་སྣེ་ཁྲིད་རྒྱུན་འཁྱོངས་དང་རྩེ་རིམ་ཇུས་འགོད་ལ་མཐོང་ཆེན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆེད་དོན་འཆར་འགོད་དེ་འཆར་འགོད་མ་ལག་ཁྲོད་ཀྱི་གདུང་མ་ལྟ་བུར་བྱས་ནས། ཤུགས་ཆེན་པོས་འབྲེལ་ཡོད་ཀྱི་འཆར་འགོད་འཐུས་ཚང་དང་ཞིབ་ཚགས་སུ་བྱས་ཐོག་འཆར་འགོད་མ་ལག་དེ་བྱ་བའི་ལག་ལེན་གྱི་ཚན་རིག་གི་ཁྲིད་སྟོན་རྣལ་མར་འགྱུར་དུ་འཇུག་དགོས། བསྟུད་མར་སྒྲིག་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་པའི་དཔུང་སྡེའི་འཛུགས་སྐྲུན་ལེགས་སྒྱུར་བྱེད་པ། གནད་དོན་དང་དཀའ་ཁག་གདོང་གིས་བསུས་ནས། ཉམས་མྱོང་སྤྱི་བསྡོམས་དང་བཅོས་སྒྱུར་གསར་གཏོད། རིགས་དགར་ཇུས་བསྟར་བཅས་བྱས་ཏེ་བྱ་བ་སྣ་ཚོགས་ཐད་ཕན་ནུས་ལྡན་པར་རོགས་ལས་བྱེད་པར་འགན་སྲུང་བྱེད་དགོས། བྱེད་ནུས་ཡན་ལག་ཁུལ་ཚན་རིག་དང་མཐུན་པར་གཏན་འཁེལ་དང་ལེགས་སྒྲིག་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཆོས་ཉིད་ཐད་ཀྱི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་མིག་རྒྱང་གིས་མ་འོངས་པར་བར་སྟོང་འདང་ཚིམས་པ་བཞག་སྟེ། ངེས་པ་དོན་གྱིས་ལོ་རྒྱུས་ལ་འགན་ཁུར་བ་དང་མ་འོངས་པར་འགན་ཁུར་དགོས། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱས་ཤིང་། ཞིང་ཆེན་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་སྒོས་ཚད་གཞི་སྔར་ལས་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གི་དམིགས་ཚད་མ་ལག་འཛུགས་པར་འཚོལ་ཞིབ་དང་། ནམ་ཟླའི་འགྱུར་ལྡོག་དང་ཆུའི་སྦགས་བཙོག་སྔོན་འགོག བར་སྣང་དང་ས་གཞིའི་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་འཇལ་མ་ལག་འཛུགས་སྐྲུན། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་སྲུང་སྐྱོབ། ཉེན་ཁ་ཅན་གྱི་རྫས་འགྱུར་ཐོན་རྫས་ཀྱི་བདེ་འཇགས་དོ་དམ་སོགས་ཀྱི་བྱ་བར་མཐོང་ཆེན་བྱས་ཏེ། རང་བྱུང་སྐྱེ་ཁམས་མ་ལག་གི་འཐུས་ཚང་རང་བཞིན་དང་བདེན་དངོས་རང་བཞིན་ལ་སྲུང་སྐྱོབ་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་གི་ཆེད་དམིགས་ཆོག་མཆན་ཚོང་གཉེར་རྣམ་པ་མྱུར་མོར་འཚོལ་ཞིབ་བྱེད་པ་དང་། རང་སྣང་གི་ནུས་སྒུལ་རང་བཞིན་འདོན་སྤེལ་གང་ལེགས་བྱས་ནས་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་ནང་དོན་ཆེན་མོ་དམ་འཛིན་བྱས་ནས་མང་ཚོགས་དག་གི་ཡོང་འབབ་འཕར་ནས་ཕྱུག་འགྱུར་བྱེད་པར་སྐུལ་ཁྲིད་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་གི་ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་བྱ་བ་བཟང་བོར་སྒྲུབ་པ་དང་། སྐྱེ་ཁམས་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་པ། རྒྱལ་ཁབ་སྤྱི་གླིང་གི་གཏམ་རྒྱུད་ལེགས་པོར་བརྗོད་པ། རྒྱལ་ཁབ་སྤྱི་གླིང་གི་འདུ་ཤེས་དྲིལ་སྒྲོག་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བ་དང་། རྒྱལ་ཁབ་སྤྱི་གླིང་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྲུབ་འབྲས་མངོན་པར་བྱེད་པའི་སྒེའུ་ཁུང་ལྟ་བུར་འགྱུར་དུ་འཇུག་དགོས། གྲོས་ཚོགས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་ལུགས་ཚོད་ལྟའི་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཆོད་དོན་ཡིག་ཐོག་ནས་ཁྱབ་བསྒྲགས་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ། མཚོ་སྔོན་པོ་བཅས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་གནས་ཚུལ་སྙན་ཞུར་ཉན། མཚོ་བྱང་ཁུལ་དང་ཡུས་ཧྲུའུ་ཁུལ་གྱི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད་པ་དང་། འབྲེལ་ཡོད་ཀྱི་གྲོང་ཁྱེར་དང་ཁུལ་གྱི་སྡེ་ཁག་གཞན་པས་ཡིག་ཐོག་ནས་བསམ་ཚུལ་བརྗེ་རེས་བྱས།

ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ལིན་ཧུའུ་དང་། ཀྲུའུ་ཞང་ཧྥུན། ལིའུ་ཐའོ། ལིས་ཞའོ་ནན་བཅས་ཚོགས་འདུར་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།