ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོག་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་བསྡུས།
2023.11.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ11པའི་ཚེས14ཉིན་གྱི་སྔ་དྲོར། ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་བསྡུས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། འབྲེལ་ཡོད་སྙན་ཞུར་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པར་མ་ཟད། མིག་སྔའི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་མུ་མཐུད་དུ་གྲུབ་འབྲས་ལེན་པར་སྐུལ་འདེད་ནན་མོ་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་ལ། གཙོ་གནད་ལས་ཐོལ་བརྒལ་དང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གནད་དོན་དག་ཐེར་བྱས་པ་འབུར་དུ་ཐོན་པར་བྱེད་དགོས་ཤིང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། མུ་རིའི་གཏེར་ཁུལ་ཀྱི་སྐྱེ་ཁམས་ཞབས་ཞུ་དང་གཏན་འཇགས་རང་བཞིན་མུ་མཐུད་ལེགས་བཅོས་དང་མཐོར་འདེགས་བཏང་ནས་ཉམས་མྱོང་དང་སློབ་གསོ་ཐོབ་པར་བྱས་ཏེ་ཉེན་ཟོན་ཀྱི་འདུ་ཤེས་ནམ་ཡང་སེམས་དུ་ཉར་ནས་རྩྭ་ཐང་གི་མེ་འགོག་དང་ཚན་རིག་དང་མཐུན་པའི་བདག་སྐྱོང་། མ་དངུལ་གཅིག་བསྡུས་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲ་བརྟན་དང་མཐོར་འདེགས་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་ནས་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་དམ་འཛིན་བྱས་ཏེ་མཁར་གྲོང་གི་འཚོ་བའི་གད་སྙིགས་དང་བཙོག་ཆུ་ཐག་གཅོད་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་ལམ་སྲོལ་མ་ལག་འཐུས་ཚང་དུ་བཏང་ནས་སྤུས་ཚད་མཐོ་བའི་སྒོ་ནས་སྲུང་སྐྱོབ་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། མཚོ་སྔོན་གྱིས་རྨ་ནུབ་དོག་ལམ་དང་ཐཱ་ཁུ་ལཱ་མཱ་ཀན་བྱེ་ཐང་མཐའ་མཚམས་ཀྱི་འགོག་རྒོལ་འཐབ་མོའི་ཁྲོད་དུ་ཟིན་པའི་གལ་ཆེན་རང་བཞིན་དང་དམིགས་བསལ་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱས་ཏེ། བྱེ་འགོག་བྱེ་བཅོས་བྱ་བ་དང་བྱང་གསུམ་བཟོ་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ནས་མེས་རྒྱལ་བྱང་ཕྱོགས་ཀྱི་ལྗང་མདོག་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་བརླིང་ཡོང་བར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས། འགྱུར་བ་མེད་པའི་རྣམ་འགྱུར་དང་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་གཅིག་ཤེས་ཀུན་གྲོལ་དང་མི་འདང་ས་འཚོལ་བ། ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་གི་ལམ་ནས་ཁེ་ལས་ཀྱི་བཙོག་ཆུའི་འབག་བཙོག་གནད་དོན་གཞི་ནས་དག་ཐེར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞོར་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་ལྟ་སྐུལ་ཁྲིམས་བསྟར་གྱི་ཕན་འབྲས་མཐོར་འདེགས་སུ་བཏང་སྟེ། ཐོན་ལས་ཀྱི་སྒྲིག་གཞི་ལེགས་སྒྱུར་དང་ལས་གཞིར་ཆོག་མཆན་འགོད་པར་གཟབ་ནན་བྱེད་དགོས།

ཚོགས་ཐོག་ནས་ས་གནས་དང་སྡེ་ཁག་སོ་སོས་འགན་འཁྲི་ཁུར་དུ་བླངས་ནས་རིམ་པ་སོ་སོ་དང་རིགས་སོ་སོའི་ཁོར་སྲུང་ལྟ་སྐུལ་དང་མཛུབ་སྟོན་ཕྱིར་ཟློག་གནད་དོན་མགྱོགས་མྱུར་ངང་དག་ཐེར་བྱས་ནས་ལས་འགྲུབ་བྱུང་བའི་ལས་གཞིར་ཞིབ་བཤེར་བྱེད་ཕོད་པར་ཁག་ཐེག་བྱེད་དགོས། དག་ཐེར་དུས་ཡུན་ནང་ལས་གཞི་དུས་ལྟར་འགྲུབ་པར་ཁག་ཐེག་བྱེད་དགོས། དུས་ལྟར་མ་ཚགས་པའི་བཅོས་སྒྲིག་ལས་གཞིའི་རྒྱུ་རྐྱེན་འཚོལ་ཞིབ་དང་བཅོས་སྒྲིག་བྱ་བ་ལེགས་པར་སྒྲུབ་དགོས། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་ལག་བསྟར་ནན་མོ་བྱེད་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་གནད་དོན་གསེད་དཀྲོལ་བྱེད་པ།  སྔ་མོ་ནས་བྱ་བར་འཆར་འགོད་བྱེད་པ། མཚོ་སྔོན་པོའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དེ་ཆེས་གཙོ་གནད་དུ་བཞག་ནས་མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ནས་མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ལེགས་འགྲུབ་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། 2024ལོ་ནས2026ལོའི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་བརྟན་རླིང་ཡོང་བའི་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི་དང་བྱེ་ས་ཕྱོགས་བསྡུས་བཅོས་སྐྱོང་དང་བྱང་གསུམ་སོགས་བཟོ་སྐྲུན་གལ་ཆེན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་། 2021ལོ་ནས2030ལོའི་བྱང་གསུམ་བཟོ་སྐྲུན་སྐབས་དྲུག་པའི་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་ཇུས་གཞི། 2024ལོ་ནས2026ལོའི་རྨ་ནུབ་དོག་ལམ་དང་ཐཱ་ཁུ་ལཱ་མཱ་ཀན་བྱེ་ཐང་མཐའ་མཚམས་ཀྱི་འགོག་རྒོལ་འཐབ་མོའི་མཚོ་སྔོན་ས་ཁུལ་གྱི་བྱེ་འགོག་བྱེ་བཅོས་ཀྱི་ལོ་གསུམ་གྱི་འགོག་རྒོལ་འགུལ་སྐྱོད་ཇུས་གཞི་བཅས་ལ་གྲོས་ཞིབ་བྱས།

ཞིང་ཆེན་གྱི་འགོ་ཁྲིད་ཚེ་རིང་ཐར་དང་ཝང་ལིན་ཧུའུ། ཀྲུའུ་ཞང་ཧྥུན། ལིའུ་ཐུང་ཏི། ལིའུ་ཐའོ། ལིས་ཞའོ་ནན་བཅས་གྲོས་ཚོགས་ལ་ཞུགས།

མི་ཕམ་མགོན་པོས་བསྒྱུར།