ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་བའི་ཚུན་ལ། ས་གནས་སོ་སོས་བརྗོད་དོན་སློབ་གསོ་དང་མིག་སྔའི་བྱ་བ་གཙོ་བོའི་ལས་འགན་ཟུང་འབྲེལ་བྱས་ཏེ་བསླབ་ནས་ལས་ལ་སྐུལ་བ་དང་དངོས་ཕན་དོན་གཉེར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བརྗོད་དོན་སློབ་གསོ་སྤུས་ཚད་མཐོན་པོས་སྤེལ་བར་སྐུལ་འདེད་ཏན་ཏིག་བཏང་།
བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་བའི་ཚུན་ལ། ཧྲང་ཧེ་ཡིས་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ལྟ་བཤེར་དག་ཐེར་བཅས་ཀྱི་བྱེད་ཐབས་སོ་སོ་ནུས་ལྡན་མཉམ་བསྲེས་དང་གཅིག་གྱུར་སྐུལ་འདེད་བཏང་སྟེ་དངོས་སྒྲུབ་ཁྲིད་ཕྱོགས་ཇེ་དྲག་ཏུ་བཏང་བ་དང་དངོས་ཡོད་གནད་དོན་ཐག་བཅད་ལ། གྲོང་ཁྱེར་ཡོངས་སུ་འཚམས་འདྲི་ཆེན་མོའི་བྱ་འགུལ་སྤེལ་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ཁྲོད་ལས་སྒྲུབ་བྱེད་པ་དང་ལས་སྒྲུབ་ཁྲོད་སློབ་སྦྱོང་བྱེད་པར་སྐུལ་འདེད་བཏང་། ཕུའུ་ཏུང་ཁུལ་གསར་གྱིས་ཁེ་ལས་སུ་ཟབ་ཞུགས་བྱས་ཏེ་བསམ་འཆར་ལ་ཉན་པ་དང་། ཁེ་ལས་གཅིག་ལ་དོ་དམ་པ་གཅིག་ལྟར་སྦྲེལ་མཐུད་ཞབས་ཞུ་སྤེལ་ཏེ་ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་བྱེད་ཚད་དལ་བ་དང་ཆེད་ལས་ཞབས་ཞུའི་སྦྲེལ་མཐུད་ཞན་པ་སོགས་ཀྱི་གནད་དོན་ཐག་བཅད།
ཨན་ཧུའེ་ཡིས་དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱར་དམ་དུ་དམིགས་ནས་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་གཏིང་ཟབ་ཏུ་སྤེལ་བ་དང་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་བཏང་། སྡེ་ཁག་ཁ་ཤས་ཀྱི་གཞི་གྲངས་མཉམ་སྤྱོད་མི་བྱེད་པ་དང་མང་ཚོགས་ལ་དེའི་དཀའ་ཁག་ཡོད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་པའོ་ཀྲོའུ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཆེད་དོན་རྟོག་ཞིབ་བྱས་ཏེ་གནད་དོན་གྱི་རྩིས་ཁྲ་ལེགས་སྒྲིག་བྱས་པ་དང་། སྲིད་གཞུང་གི་གཞི་གྲངས་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཕན་ཚུན་རྒྱུས་ལོན་གྱི་ཞབས་ཞུའི་སྟེགས་བུའི་འཛུགས་སྐྲུན་འཐུས་ཚང་དུ་བཏང་བ་དང་མང་ཚོགས་ཀྱིས་དོན་དག་སྒྲུབ་པར་སྔར་ལས་སྟབས་བདེ་བསྐྲུན།
བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་ཏན་ཏིག་གིས་སྤེལ་ཆེད། ཉིན་ཞ་ཡིས་མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། བདེན་ལུགས་རྟོགས་པར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་བྱས་པར་མ་ཟད། ཏང་ཡོན་ལས་བྱེད་པ་སྡོད་དམངས་གཞིས་ཁུལ་དུ་ཟབ་ཞུགས་བྱས་ཏེ་མི་འདང་ས་བཙལ་ནས་དམངས་ཚིས་དཀའ་གནད་ཐག་བཅད།
ལྷ་མོ་ཚེ་རིང་གིས་བསྒྱུར།