ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟླ11པའི་ཚེས15ཉིན་མདོ་བ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་ནས་མཐོ་སྒང་གི་ལུས་རྩལ་སློབ་གསོ་དང་སྦྱོང་བརྡར་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཤིང་། མི་དམངས་ཀྱི་བདེ་ཐང་དགོས་མཁོ་བསྐང་བ་དང་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་མགོ་རྩོམ་ས་དང་རྐང་ཚུགས་སར་བྱེད་པ་དང་། མི་དམངས་ཀྱི་གཟུགས་གཞི་བདེ་བ་དང་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་བྱེད་པ་དེ་གཞི་རྩའི་ལས་འགན་དུ་བྱས་ཏེ། བདེ་ཐང་མཚོ་སྔོན་དང་དམངས་ཡོངས་ཀྱི་ལུས་སྦྱོང་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་དང་། ཤུགས་ཆེན་པོས་མང་ཚོགས་ཀྱི་ལུས་རྩལ་དང་རྩལ་འགྲན་ལུས་རྩལ། ལུས་རྩལ་ཐོན་ལས་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐོ་སྒང་གི་ཁྱད་ལྡན་ལུས་རྩལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་ནས། ཧུར་ཐག་སྒོས་མཐོ་སྒང་ལུས་རྩལ་གྱི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་དགོས་ཟེར།
ཝུའུ་ཞའོ་ཅུན་སྔ་གཞུག་ཏུ་ཞིང་ཆེན་ལུས་རྩལ་ལས་འགུལ་སློབ་གྲྭ་དང་མདོ་བ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞིའི་མཆོང་རྒྱུག་འཕེན་གསུམ་སྦྱོང་བརྡར་ཁང་དང་། མདའ་འཕེན་སྦྱོང་བརྡར་ཁང་དུ་སོང་ནས། སློབ་གྲྭའི་དགེ་སློབ་དང་རྟེན་གཞིའི་རྩལ་ཁྲིད་པ། ལུས་རྩལ་པ་བཅས་ལ་འཚམས་འདྲི་བྱས་པ་དང་། རྣམ་གྲངས་སྐོར་ཞིག་གི་སྦྱོང་བརྡར་གནས་ཚུལ་ལ་བལྟས། ཡུལ་དངོས་ནས་ན་གཞོན་ལུས་རྩལ་སློབ་གསོའི་བྱ་བ་དང་། མཆོང་རྒྱུག་འཕེན་གསུམ་དང་དྲག་རྩལ། མདའ་འཕེན། སྦེ་ག ཁུ་ཚུར་གཞུ་རྩལ་སོགས་ཀྱི་ལུས་རྩལ་རྣམ་གྲངས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། རང་ཞིང་གི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་ཨེ་ཤ་ཡཱའི་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ལེན་མཁན་ཆོས་དབྱིངས་སྐྱིད་ལ་འཚམས་འདྲི་བྱས། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་བཅས་ཀྱི་ཚབ་བྱས་ཏེ། ཆོས་དབྱིངས་སྐྱིད་ལ་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་ཨེ་ཤ་ཡཱའི་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་པར་རྟེན་འབྲེལ་ཞུས་པ་དང་། ཁོ་མོས་མཚོ་སྔོན་གྱི་ལུས་རྩལ་ལས་དོན་གྱི་འཕེལ་རྒྱས་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས་པར་མ་ཟད། ཁོ་མོས་ཡང་འབད་བསྐྱར་འབད་སྒོས་ཡང་བསྐྱར་འོད་སྟོང་འབར་བའི་གྲུབ་འབྲས་ལེན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཏམ་རྒྱུད་དང་། མཚོ་སྔོན་གྱི་གཏམ་རྒྱུད་བརྗོད་དགོས་ལ། ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དར་སྤེལ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། སྔར་ལས་མང་བའི་ན་གཞོན་དག་ལུས་རྩལ་ལས་འགུལ་ནང་ཞུགས་པར་ནང་འགུག་བྱེད་དགོས་ལ། སྔ་ལས་མང་བའི་ན་གཞོན་ལུས་རྩལ་པ་དག་གིས་དཀའ་སྤྱད་འབད་བརྩོན་བྱས་ནས་གྲུབ་འབྲས་བཟང་བོ་བརྩོན་ལེན་བྱེད་པར་སྐུལ་ཁྲིད་བྱེད་དགོས་པའི་སྐུལ་ལྕག་བཏང་།
དེའི་རྗེས་སུ་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་ལུས་རྩལ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་མངོན་གསལ་ལ་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། གཏིང་ཟབ་པའི་སྒོ་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཀྱི་བདེ་ཐང་གི་སྤྱི་བའི་ཞབས་ཞུའི་མ་ལག་མྱུར་མོར་འཐུས་ཚང་དུ་གཏོང་བ། བསྟུད་མར་དམངས་ཡོངས་ཀྱི་ལུས་སྦྱོང་རྨས་གཞིའི་སྒྲིག་ཆས་ཀྱི་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་སྡུར་བྱ་འགུལ་རྒྱ་ཆེར་སྤེལ་བ། གྲོང་ཁྱེར་དང་ཁུལ། རྫོང་། ས་ཁུལ། གྲོང་རྡལ་དང་ཡུལ་ཚོ། སྲང་ལམ། སྡེ་ཁུལ་དང་སྲིད་འཛིན་སྡེ་བ་བཅས་རིམ་པ་བཞིའི་དམངས་ཡོངས་ཀྱི་ལུས་སྦྱོང་འཕེལ་རྒྱས་དྲ་བའི་བཀོད་སྒྲིག་རྣམ་པ་མྱུར་མོར་ཆགས་པ་དང་། ཤུགས་ཆེན་པོས་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་མང་ཚོགས་རྒྱ་ཆེར་ཟབ་ཞུགས་བྱེད་པའི་ལུས་རྩལ་འགྲན་སྡུར་སྤེལ་དགོས། སྔར་ལས་ལྷག་པར་རྩལ་འགྲན་ལུས་རྩལ་འཕེལ་རྒྱས་སུ་གཏོང་བ་དང་ཆུ་ཚད་མཐོ་བའི་རྩལ་འགྲན་ལུས་རྩལ་འགྲན་སྡུར་བྱ་འགུལ་བཟང་བོར་སྒྲུབ་སྟེ། རྩལ་འགྲན་རྣམ་གྲངས་ཀྱི་བཀོད་སྒྲིག་ལེགས་སྒྱུར་དང་རྩལ་འགྲན་ལུས་རྩལ་གྱི་འཇོན་མི་གསོ་སྐྱོང་བྱེད་པར་ཤུགས་སྣོན་པ། རྩལ་འགྲན་ལུས་རྩལ་མ་ལག་འཐུས་ཚང་དུ་གཏོང་བ། དཔུང་སྡེའི་འཛུགས་སྐྲུན་དང་སྦྱོང་བརྡར་འགྲན་ཞུགས། ཚོགས་ཁག་གི་འགན་སྲུང་སོགས་ཀྱི་བྱ་བར་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་བཏང་།
སྤུས་ཚད་སྔར་ལས་མཐོ་བའི་སྒོ་ནས་ལུས་རྩལ་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། ལུས་རྩལ་དང་སྐྱེ་ཁམས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཤུགས་ཆེན་པོས་འགྲན་སྡུར་བྱ་བའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། ལུས་རྩལ་འཛད་སྤྱོད་ཀྱི་རིམ་སྤོར་ལ་ཡར་སྐུལ་བྱེད་པ། ཧུར་ཐག་སྒོས་ཚོང་ར་གཙོ་བོ་དར་རྒྱས་སུ་གཏོང་བ། ཐོན་ལས་འཕེལ་རྒྱས་ཀྱི་ཆ་རྐྱེན་འགན་སྲུང་ཇེ་དྲག་ཏུ་གཏོང་བ། རང་ཞིང་གི་གངས་འཁྱག་གནས་སྐོར་གྱི་འཛད་སྤྱོད་སྦས་ཤུགས་སྔོག་འདོན་བྱེད་པ། གངས་འཁྱག་ལུས་རྩལ་འགྲན་ཚོགས་དང་གངས་འཁྱག་རིག་གནས་དུས་ཆེན། གངས་འཁྱག་དགུན་ཁའི་སྤྲོ་སྐྱིད་སྒར་ས་སོགས་མང་ཚོགས་རིང་ལུགས་ཀྱི་གངས་འཁྱག་བྱ་འགུལ་བཅས་རྩ་འཛུགས་དང་འཆར་འགོད་བྱས་ཏེ། ཤུགས་ཆེན་པོས་ལྒང་ལི་རིགས་གསུམ་དང་ལྕགས་རྟ། རྐང་འགྲོས་སོགས་འཛད་སྤྱོད་ཀྱི་སྣེ་ཁྲིད་ཁྱད་ཆོས་ལྡན་པའི་ལུས་རྩལ་རྣམ་གྲངས་འཕེལ་རྒྱས་སུ་གཏོང་དགོས། བྱེད་ཐབས་སྔར་ལས་ནན་མོས་ལས་རིགས་ཀྱི་བྱ་སྤྱོད་ལེགས་བཅོས་བྱེད་པ་དང་། ཏང་འཛུགས་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། བསྟུད་མར་སྤྱོད་ཚུལ་ལེགས་སྒྱུར་ལ་སྐུལ་འདེད་གཏོང་བ། འགྲན་སྡུར་གྱི་སྒྲིག་ལམ་དང་སྤྱོད་ཚུལ་དམ་འཛིན་བྱས་ཏེ། ཤུགས་ཆེན་པོས་ལུས་རྩལ་གྱི་དར་སྲོལ་བཟང་བོ་དར་སྤེལ་བྱེད་དགོས་ཟེར།
ཝང་ཧེ་ཧུང་གིས་མཉམ་དུ་རྟོག་ཞིབ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།