ས་དེའི་དུས་ཚོད་ཟླ11པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཅིག་ཅིན་ཧྲན་དུ། ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐི་ལ་མཇལ་འཕྲད་གནང་།
ས་དེའི་དུས་ཚོད་ཟླ11པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཅིག་ཅིན་ཧྲན་དུ། ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཕེ་རུའི་བར་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་རྒྱབ་སྐྱོར་བྱས་པ་དང་། ཕྱོགས་གཉིས་ཀའི་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་སུ་བཏང་ལ། ཁྱད་པར་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས། རང་སོ་སོའི་རྒྱལ་ཁབ་འདར་རྒྱས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ད་ལོ་ནི་ཀྲུང་གོ་དང་ཕེ་རུའི་བར་ཕྱོགས་ཡོངས་ ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་བཅུ་འཁོར་བའི་ལོ་ཡིན། ཕྱོགས་གཉིས་ཀས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་པ། ཕ་རོལ་པོ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། དཔལ་འབྱོར་ཚོང་དོན་དང་ནུས་ཁུངས་གཏེར་ཁ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་པ།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གྲུབ་འབྲས་སྔར་ལས་གང་མང་ཐོབ་པར་བྱེད་པ་བཅས་ལ་འབད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུའི་ཁྱད་ལྡན་ཞིང་ལས་ཐོན་རྫས་སྤུས་ལེགས་སྔར་ལས་གང་མང་ནང་འདྲེན་བྱ་རྒྱུ་དང་། ཀྲུང་གོའི་ཁེ་ལས་ཁྲོམ་ར་ཅན་གྱི་རྩ་དོན་ལྟར་ཕེ་རུའི་ལས་གཞི་གལ་ཆེན་འཛུགས་སྐྲུན་ཁྲོད་ཞུགས་རྒྱུར་སྐུལ་མ་གཏོང་འདོད་ཡོད། ཀྲུང་གོ་དང་ཕེ་རུའི་བར་འོད་སྟོང་འཕྲོ་བའི་ཤེས་རིག་དང་གཏིང་ཟབ་པའི་རིག་གནས་ལྡན་པས། ཕྱོགས་གཉིས་ཀས་སློབ་གསོ་དང་རིག་གནས། ཡུལ་སྐོར། ཚན་རྩལ། ན་གཞོན་བརྗེ་རེས་སོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཤེས་རིག་མི་འདྲ་བས་བརྗེ་རེས་བྱེད་པ་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་མིག་དཔེ་རུ་འགྱུར་བར་འབད་དགོས་ཞེས་གསུངས།
པོ་ལུའུ་ཨར་ཐི་ཡིས་ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་འབད་པས་ཞུགས་རྒྱུ་ཡིན། སང་ལོར་ཕེ་རུས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་འགན་འཁུར་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱིས་དཀྱེལ་ཡངས་དང་རྒྱུན་མཐུད་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། ལ་ཏེན་མེ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་བྱེད་ཀྱིན་ཡོད་པར་མ་ཟད། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཅེས་བསྟན།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།