ཞི་ཅིན་ཕིང་གིས་ཧྲན་ཞིའི་ལོས་ལེང་གྲོང་ཁྱེར་ཡུང་ཅུའུ་རྡོ་སོལ་གཏེར་ཁའི་གཞུང་སྒྲུབ་ཐོག་ཁང་ཞིག་ལ་མེ་སྐྱོན་བྱུང་བའི་ཐད་ནས་མཛུབ་སྟོན་གལ་ཆེན་གནང་།
2023.11.17 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 29

ཟླ11པའི་ཚེས16ཉིན་གྱི་ཆུ་ཚོད7གྱི་སྟེང་། ཧྲན་ཞི་ལོས་ལེང་གྲོང་ཁྱེར་ཡུང་ཅུའུ་རྡོ་སོལ་གཏེར་ཁའི་གཞུང་སྒྲུབ་ཁང་ཞིག་ལ་མེ་སྐྱོན་བྱུང་བ་དང་། མིག་སྔའི་བར་དུ། དོན་རྐྱེན་དེ་ལས་མི་ཉེར་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་བརྒྱད་ལ་རྨས་ཕོག་ཡོད།

དོན་རྐྱེན་བྱུང་རྗེས། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་། རྒྱལ་ཁབ་ཕྱི་རུ་འཚམས་འདྲི་བྱེད་ཀྱིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མྱུར་དུ་མཛུབ་སྟོན་གལ་ཆེན་གནང་ནས། ཧྲན་ཞི་ལོས་ལེང་གྲོང་ཁྱེར་ཡུང་ཅུའུ་རྡོ་སོལ་གཏེར་ཁའི་གཞུང་སྒྲུབ་ཁང་ཞིག་ལ་མེ་སྐྱོན་བྱུང་བ་དེས། མི་སྣར་ཤི་རྨས་ཚབས་ཆེན་ཐེབས་ཡོད་པས། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱེད་དགོས་ལ། ཤི་རྨས་ཐེབས་པའི་མི་སྣ་དང་ཁྱིམ་མིར་སེམས་གསོ་དང་འདས་མཆོད་སྒྲུབ་པའི་ལས་དོན་ཡག་པོར་སྒྲུབ་དགོས་པར་མ་ཟད། དོན་དག་གི་འབྱུང་རྐྱེན་མྱུར་དུ་རྩད་གཅོད་གསལ་བོ་བྱས་ནས། གཟབ་ནན་སྒོས་འགན་འཁྲི་རྗེས་འདེད་བྱེད་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཐེངས་འདིའི་མེ་སྐྱོན་གྱི་བསླབ་བྱ་དང་ལེན་བྱས་ཏེ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཚད་མཐའི་བསམ་བློ་ཤུགས་དྲག་ཏུ་གཏོང་དགོས། དགུན་དུས་མེ་སྐྱོན་གནོད་འཚེ་འབྱུང་སླ་བ་སོགས་ཀྱི་གནས་ཚུལ་ལ་ཁ་གཏད་ནས། གཅིག་ཤེས་ཀུན་གྲོལ་བྱས་ཏེ། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་ཁར་ཞིབ་བཤེར་ཟབ་མོ་དང་། འཕྲལ་བསྟུན་སྔོན་ཇུས་དང་སྔོན་འགོག་བྱེད་ཐབས་ལེགས་བཅོས་བྱེད་དགོས། ཕྱོགས་སོ་སོའི་འགན་འཁྲི་ནན་མོ་བྱས་ནས། དོན་རྐྱེན་ཚབས་ཆེན་འབྱུང་བར་གཏན་འགོག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མཆན་བཀོད་གནང་སྟེ། དུས་ཚོད་དམ་འཛིན་གྱིས་གར་སོང་མ་རྙེད་པའི་མི་སྣ་སྐྱོབ་པ་དང་། རྨས་མ་སྐྱོབ་བཅོས་བྱེད་པར་ནུས་ཤུགས་གང་ཡོད་འདོན་པ།  ཚད་ཆེས་ཆེ་བའི་སྒོ་ནས་ཤི་རྨས་ཇེ་ཉུང་དུ་གཏོང་བ་དང་། འབྲེལ་ཡོད་ཀྱི་རྗེས་མཁོའི་བྱ་བ་ལེགས་པོར་བསྒྲུབ་དགོས། དུས་མཉམ་དུ་དོན་དག་འབྱུང་རྐྱེན་རྩད་གཅོད་གསལ་བོ་བྱས་ཏེ། སྒྲིག་ཁྲིམས་ལྟར་ཐད་གཅོད་ནན་མོ་བྱེད་དགོས། མེ་གསོད་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ཏེ། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་རྩད་ཞིབ་ནན་མོ་དང་སྔོན་འགོག་བྱས་ནས། དོན་རྐྱེན་ཚབས་ཆེན་འབྱུང་བར་སྔོན་འགོག་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་གཏོང་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་བགོས་དོ་དམ་མགོ་ཁྲིད་ཀྱིས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཁྲིད་ནས་ཡུལ་དངོས་སུ་སོང་སྟེ། རོགས་སྐྱོབ་དང་འཕྲལ་བསྟུན་ཐག་གཅོད་བྱ་བར་མཛུབ་སྟོན་བྱས། ཧྲན་ཞི་ཞིང་ཆེན་དང་། ལོས་ལེང་གྲོང་ཁྱེར་གྱིས་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་སྐྱོབ་བཅོས་དང་རྗེས་མཁོའི་ལས་དོན་གང་ལེགས་སྒོས་སྤེལ་གྱིན་ཡོད། མིག་སྔར། སྨན་བཅོས་རོགས་སྐྱོབ་དང་། དོན་དག་གི་འབྱུང་རྐྱེན་རྩད་ཞིབ་བྱེད་པ་སོགས་ཀྱི་བྱ་བ་སྒྲུབ་བཞིན་པའི་སྒང་རེད།

                                                                                               རིག་འཛིན་སྒྲོལ་མས་བསྒྱུར།