ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ11པའི་ཚེས14ཉིན་ནས་ཚེས16ཉིན་བར་ཧེ་ལུང་ཅང་དང་ཅི་ལིན་དུ་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱེད་པ། ནང་གནས་སྒུལ་ཤུགས་བསྐྱེད་པ་བཅས་བྱས་ཏེ་དུས་རབས་གསར་པའི་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་སུ་གཏོང་བར་ཐོད་བརྒལ་གསར་པ་འབྱུང་བར་སྐུལ་འདེད་གཏོང་དགོས།
ཧེ་ལུང་ཅང་དུ་ལིས་ཆང་ཐོག་མར་ཏ་ཐང་ཧཱ་ཨར་པེན་ཚ་གློག་བཟོ་གྲྭ་དང་པོར་ཕེབས་ཏེ་འཕྲུལ་ཚན་འཁོར་སྐྱོད་དང་ས་གནས་དྲོད་འདོན་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། དྲོད་འདོན་འགན་སྲུང་དམ་འཛིན་བཟང་བོ་བྱེད་པ་སོགས་བྱས་ཏེ་མང་ཚོགས་ཀྱིས་དྲོད་སྐྱིད་ལྡན་པའི་དགུན་དུས་ཤིག་སྐྱེལ་བར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན། ལིས་ཆང་ཧཱ་ཨར་པེན་བཟོ་ལས་སློབ་ཆེན་དུ་ཕེབས་ནས་སློབ་གྲྭའི་འཕེལ་རྒྱས་གནས་ཚུལ་གྱི་མཚམས་སྦྱོར་ལ་གསན་པ་དང་། ཚང་མས་མུ་མཐུད་དུ་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་སློབ་ཁྲིད་མི་སྐྱོང་དང་ཚན་ཞིབ་མཁྲེགས་གཏོར་སོགས་ཕྱོགས་སུ་རྒྱུན་ཆད་མེད་པར་འབད་འཐབ་བྱེད་དགོས་པའི་སྐུལ་མ་གནང་། ཧུའེ་ཏ་ཚན་རྩལ་ཀུང་ཟི་རུ་ལིས་ཆང་གིས་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་རོགས་ལས་མཁྲེགས་གཏོར་ལ་ཤུགས་བསྣན་ནས་ཞིང་ལས་འཕྲུལ་ཆས་ཅན་དང་རིག་ནུས་ཅན་གྱི་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་རྒྱུའི་བླང་བྱ་བཏོན། ཧཱ་ཨར་པེན་ཁུལ་གསར་བྱང་རྒྱུད་ཀྱི་གཞི་གཅིག་ཅན་འཕེལ་རྒྱས་ཁུལ་དུ། ལིས་ཆང་གིས་སྔོན་ཐོན་ས་ཁུལ་གྱི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་འཕེལ་རྒྱས་གོ་སྐབས་དམ་འཛིན་གྱིས་དཔལ་འབྱོར་འཕར་གནས་གསར་པ་གསོ་སྐྱོང་བྱེད་དགོས་ཞེས་ནན་གྱིས་བསྟན། ཧཱ་ཨར་པེན་གནམ་གྲུ་སྡེ་ཚོགས་སུ་ལིས་ཆང་གིས་ཐོན་སྐྱེད་བྱ་རིམ་དང་བཟོ་དབྱིབས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་དང་། ཁེ་ལས་ཀྱིས་གནད་འགག་སྲོག་ཤིང་ལག་རྩལ་ཤུགས་ཆེན་པོས་ཐོད་བརྒལ་བྱས་ཏེ་འཛམ་གླིང་གི་རྩེར་སོན་གྱེན་འཕུར་གནམ་གྲུའི་ཁེ་ལས་འཛུགས་སྐྲུན་བྱེད་དགོས་པའི་རེ་བ་བཏོན།
ཅི་ལིན་དུ་ལིས་ཆང་ཁྲང་ཁྲོན་ཅིན་སེ་སྨན་རྫས་ལས་རིགས་དང་ཁྲང་ཀོང་འཁོར་སྐར་ཀུང་ཟི་རུ་ཕེབས་ནས་ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱས་པ་དང་། ཁོ་ཚོར་ཞིབ་འཇུག་ཐད་ཀྱི་དངུལ་གཏོང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་འཇོན་མིའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཁྲོམ་རའི་དགོས་མཁོ་བསྐང་ཞོར་འཕེལ་རྒྱས་སྟོབས་ལྡན་དུ་གཏོང་དགོས་པའི་སྐུལ་མ་གནང་། ལིས་ཆང་གིས་ཀྲུང་གོ་ཚན་རིག་གླིང་ཁྲང་ཁྲོན་འོད་འཕྲུལ་ཁང་དུ་གཟིགས་ཞིབ་གནང་བ་དང་མགྱོགས་མྱུར་སྒོས་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་གྲུབ་འབྲས་ཚུལ་སྒྱུར་བྱས་ཏེ་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་རོགས་འདེགས་བྱེད་དགོས་པའི་བླང་བྱ་བཏོན། ལིས་ཆང་ཀྲུང་གོ་རླངས་འཁོར་བཟོ་གྲྭ་དང་པོར་ཕེབས་ནས་ཧུང་ཆི་རླངས་འཁོར་ཐོན་སྐྱེད་བྱ་རིམ་ལ་གཟིགས་ཞིབ་གནང་བ་དང་ལས་གཞིའི་འཕེལ་རིམ་གནས་ཚུལ་ལ་གསན་པར་མ་ཟད། ཁེ་ལས་ཀྱིས་ཐོན་ལས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་དང་། རང་བདག་གིས་ཞིབ་འཇུག་གསར་སྤེལ་དང་མཉམ་འབྲེལ་མཁྲེགས་གཏོར་མཉམ་བསྲེས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རླངས་འཁོར་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཐད་ཡང་བསྐྱར་བྱས་རྗེས་འཇོག་དགོས་པའི་སྐུལ་མ་གནང་། ཧོ་ཡུའེ་སྡེ་ཚོགས་སུ་ལིས་ཆང་གིས་ཐོན་རྫས་གསར་སྤེལ་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས་པ་དང་། ཁོ་ཚོས་ཐོན་ལས་ཡོངས་ཀྱི་ཕྲེང་འབྲེལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རིན་ཐང་ཕྲེང་འབྲེལ་མཐོར་འདེགས་གཏོང་བ་དང་འགྲན་རྩོད་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས་པའི་རེ་བ་བཏོན།
རྟོག་ཞིབ་གནང་སྐབས་ལིས་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་དབང་ཁེ་ལས་བཅོས་སྒྱུར་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་དབྱང་ཁེ་ལས་དང་ས་གནས་རྒྱལ་དབང་ཁེ་ལས་ཁ་ཤས་ཀྱི་འགན་ཁུར་མི་སྣའི་གཏམ་བཤད་ལ་གསན། ཁོང་གིས་བསྟན་དོན། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་འགྱུར་ལྡོག་ཟབ་མོ་འབྱུང་བཞིན་ཡོད་པ་དེས་རྒྱལ་དབང་ཁེ་ལས་བཅོས་སྒྱུར་འཕེལ་རྒྱས་ཐད་བླང་བྱ་གསར་པ་བཏོན་ཡོད་པས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་རྒྱལ་དབང་ཁེ་ལས་ཀྱི་ཕྲག་ཏུ་ཡོད་པའི་ལས་འགན་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་བདེ་འཇགས་འདེགས་སྐྱོར་སོགས་ཐད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་བཅོས་སྒྱུར་གསར་སྐྲུན་ཁྲོད་རྒྱལ་དབང་ཁེ་ལས་སྔར་ལས་སྟོབས་ཆེར་གཏོང་དགོས། སྒྲིག་གཞི་ལེགས་སྒྱུར་བྱས་ཏེ་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱེད་དགོས།
ལིས་ཆང་གིས་ཧེ་ལུང་ཅང་དང་ཅི་ལིན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཞིང་ཆེན་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་རང་སྟེང་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། ནུས་ཡོད་སྒོས་ནང་གནས་སྒུལ་ཤུགས་བསྐྱེད་པ་བཅས་བྱས་ཏེ་དུས་རབས་གསར་པའི་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།
ཝུའུ་ཀྲིན་ལུང་གིས་མཉམ་དུ་རྟོག་ཞིབ་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།