ཀྲའོ་ལི་ཅི་ཡིས་ཁྲུང་ཆིན་དུ་རྟོག་ཞིབ་མཛད།
2023.11.17 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 32

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས13ཉིན་ནས་ཚེས16ཉིན་བར་ཁྲུང་ཆིན་དུ་རྟོག་ཞིབ་མཛད།   ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ།  ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ།  འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ།   དམངས་ཆེན་གྱི་འགན་ནུས་ངེས་གནས་ལ་རྐང་འཛུགས་པ།  དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ།  དག་སྲུང་གསར་གཏོད་བཅས་རྒྱུན་འཁྱོངས་བྱེད་པ།   ཁྲིམས་ལྟར་འགན་སྒྲུབ་བཟང་བོ་བྱེད་པ།   བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པ་བཅས་བྱས་ཏེ་དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཀྲའོ་ལི་ཅི་གྲོང་གསེབ་དང་གཞིས་ཁུལ།  ཁེ་ལས་བཅས་སུ་ཟབ་ཞུགས་དང་དམངས་ཆེན་འཐུས་མིའི་ཁྱིམ་དང་སྡོད་དམངས་ཀྱི་ཁྱིམ་དུ་ཕེབས་ནས་འཐུས་མི་དང་མང་ཚོགས་བར་བརྗེ་རེས་ཟབ་མོ་བྱས་པ་དང་འཐུས་མིས་ཁྲིམས་ལྟར་འགན་སྒྲུབ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད།   མང་ཚོགས་ཀྱི་བསམ་འཆར་ལ་གསན།   ཁོང་གིས་དམངས་ཆེན་འཐུས་མི་མི་དམངས་ཀྱི་ཁྲོད་ནས་ཡོང་བ་དང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་དགོས།   འབྲེལ་འདྲིས་གཉིས་དམ་འཛིན་བྱས་ཏེ་འཐུས་མིའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་།   འཐུས་མིས་ཁྲིམས་ལྟར་འགན་སྒྲུབ་བཟང་བོ་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་འབྲེལ་ཟམ་བཟང་བོ་བྱེད་དགོས།   འཐུས་མིས་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ནང་རྐྱེན་དང་སྟེགས་བུ་འཛུགས་སྐྲུན་བཟང་བོ་བྱེད་དགོས་ལ།  དེ་ལས་ཀྱང་བཀོལ་སྤྱོད་བཟང་བོ་བྱས་ཏེ་བྱ་འགུལ་གྱི་ནང་དོན་འཐུས་མིའི་ཁྲིམས་གཏན་འགན་འཁྲིའི་སྟེང་གཅིག་གྱུར་བྱེད་པ་དང་བྱ་འགུལ་གྱི་རྣམ་པས་མང་ཚོགས་ཟབ་ཞུགས་བྱེད་པར་སྟབས་བདེ་བསྐྲུན་དགོས་ཞེས་བསྟན།

ཀྲའོ་ལི་ཅི་ཡིས་ཁྲུང་ཆིན་གྱིས་གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་གཞི་རིམ་སྡེ་ཚན་འཛུགས་སྐྲུན་དང་ལག་བསྟར་གནས་ཚུལ་ལ་གཟིགས་ཞིབ་བྱས།    ཁོང་གིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན།   དམངས་ཆེན་གྱི་བྱ་བ་སོ་སོས་མི་དམངས་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་དགོས་ལ།   དམངས་ཀྱི་འདོད་བློ་བསྡུ་ལེན་དང་དམངས་ཀྱི་རིག་སྟོབས་གཅིག་བསྡུས་བྱེད་པ།   མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན།  གསར་སྐྲུན་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་པ།   མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་དང་དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་དགོས་ཞེས་བསྟན།

ཀྲའོ་ལི་ཅི་གྲོང་ཁྱེར་དང་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་དང་ཡུལ་ཚོ་དང་གྲོང་རྡལ་གྱི་དམངས་ཆེན་དུ་ཕེབས་ནས་དམངས་ཆེན་ལས་བྱེད་པར་འཚམས་འདྲི་མཛད་པ་དང་།   འཐུས་མིའི་འགན་སྒྲུབ་དང་ཐོ་འགོད་ཞིབ་བཤེར་སོགས་བྱ་བར་རྟོག་ཞིབ་མཛད་པར་མ་ཟད།   འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།   ཁོང་གིས་ནན་གྱིས་བསྟན་དོན།    དམངས་ཆེན་ལ་མཚོན་ནས་བཤད་ན།   དག་སྲུང་གསར་གཏོད་ཀྱི་གནད་འགག་ནི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་བཟང་བོ་དང་འཐུས་ཚང་དུ་གཏོང་བ།   འཁོར་སྐྱོད་བཟང་བོ་བཅས་བྱེད་རྒྱུ་དེ་ཡིན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱས་ཏེ་ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ།   ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས།    སྤྱི་སྡོམ་དང་རྒྱུན་འཛིན།  འཐུས་ཚང་།  མཐོར་འདེགས་བཅས་ཀྱི་རྩ་དོན་ལྟར།   དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་བསྙེག་པ་དང་ལག་ལེན་འཕེལ་རྒྱས་དང་བསྟུན་པ།  དམངས་ཆེན་བྱ་བའི་བསམ་ཕྱོགས་དང་བྱེད་ཐབས་གསར་པ་འཚོལ་ཞིབ་བྱེད་པ་བཅས་བྱས་ཏེ་གྲུབ་འབྲས་གསར་པ་དང་ཉམས་མྱོང་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་དགོས།   དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་དང་ཕྱི་རོལ་ཆོས་ཉིད་བརྩི་སྲུང་དང་རྒྱུས་ལོན་བྱས་ཏེ་དགོས་མཁོར་དམིགས་པ་དང་དུས་བབ་དང་བསྟུན་པ།   གཅིག་གྱུར་མཐུན་སྦྱོར། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་བྱ་བ་སོ་སོ་བཟང་བོར་སྤེལ་དགོས།   བརྟག་དཔྱད་ཞིབ་འཇུག་བཟང་བོ་བྱེད་པ་དང་གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་གནས་ཚུལ་ལ་རྒྱུས་ལོན་ཡང་དག་བྱེད་དགོས།  དམངས་ཆེན་བྱ་བ་དེ་ཁེབས་ཚད་ཆེ་བ་དང་སྡེ་ཁག་མང་པོར་འབྲེལ་ཡོད་ལ། བཅའ་ཁྲིམས་རང་བཞིན་དང་གོ་རིམ་རང་བཞིན་དྲག་པས་མ་ལག་གི་འདུ་ཤེས་དང་ཕྱོགས་བསྡུས་འདུ་ཤེས་འཛུགས་དགོས་པ་དང་།  གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་སྐུལ་འདེད་གཏོང་དགོས།   བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་འོག་ཏུ།  ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ནས་རྒྱལ་ཡོངས་དམངས་ཆེན་དང་ས་གནས་དམངས་ཆེན་གྱིས་མཐུན་སྦྱོར་དམ་ཟབ་བྱེད་པ་དང་གནད་དོན་ལ་མཉམ་དུ་ལན་འདེབས་དགོས་ལ།   དུས་རབས་གསར་པའི་དམངས་ཆེན་བྱ་བའི་སྤུས་ཚད་དང་ཆུ་ཚད་མཉམ་དུ་མཐོར་འདེགས་གཏོང་དགོས།

ཡོན་ཅཱ་ཅུན་རྟོག་ཞིབ་ལ་ཞུགས།

                                                                                            ལྷ་མོ་ཚེ་རིང་གིས་བསྒྱུར།