སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཚེས་བཅུ་བདུན་ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མགོ་འཛིན་བྱས་ཏེ་གསུང་བཤད་གནང་།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་དེ་བརྒྱུད་བསྒྲགས་བྱས། ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་གལ་ཆེན་དེ་སྲིད་གྲོས་འགན་སྒྲུབ་བྱ་བའི་ཁྲོད་ནས་ལག་བསྟར་དང་དངོས་འབེབས་ཡོང་བ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་རྒྱུར་དམིགས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཏམ་རྒྱུད་ཡག་པོར་བཤད་པ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། མི་ཤུགས་གཅིག་ཏུ་བསྡུ་བའི་ལས་དོན་རྒྱུན་མཐུད་ངང་ཡག་པོར་སྒྲུབ་དགོས། འགོག་རྐྱེན་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། སྲིད་གྲོས་ཀྱི་འགན་སྒྲུབ་ཇུས་འདོན་གྱི་མགོ་རྩོམ་ས་དང་ཤུགས་འདོན་ས་ཡང་དག་པར་བཙལ་ནས། ཨུ་ཡོན་གྱི་བློ་གྲོས་དང་སྟོབས་ཤུགས་དེ་དམངས་ཚིས་བདེ་སྐྱིད་དང་། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བའི་སྟེང་གཅིག་བསྡུས་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་གྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ། ལྟ་ཞིབ་དང་ཞིབ་བཤེར་རྟོག་ཞིབ། གྲོས་མོལ་སྲིད་གླེང་། དམངས་གཙོའི་ལྟ་སྐུལ་བཅས་ཀྱི་བྱ་འགུལ་ལེགས་པོར་སྤེལ་ནས། དོན་དངོས་འགུལ་སྐྱོད་ཀྱི་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་རོགས་ཤུགས་འདོན་དགོས། སྲིད་གྲོས་ཨུ་ཡོན་ལ་རྩ་འཛུགས་དང་སྣེ་ཁྲིད་བྱས་ཏེ་འགྲམ་གཉིས་ཀྱི་མཉམ་སྲེས་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་གཞོལ་བར་བྱས་ནས། མེས་རྒྱལ་གཅིག་གྱུར་གྱི་ལས་དོན་ཆེན་པོར་བྱས་རྗེས་གསར་བ་འཇོག་དགོས། དངུལ་རྩའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་ཟབ་མོ་བྱེད་པ་གཙོར་བཟུང་སྟེ། ལྟ་བ་ཡང་དག་བཏོན་ནས། རང་རྒྱལ་གྱི་དངུལ་རྩ་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ཐབས་ཇུས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བསྟན།
རིག་འཛིན་སྒྲོལ་མས་བསྒྱུར།