ལིས་ཆང་གིས་ཞིང་སའི་ཆུ་བེད་དང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ལ་མཆན་བཀོད་གལ་ཆེན་གནང་།
2023.11.18 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 21

ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དགུན་དཔྱིད་དུས་ཀྱི་ཞིང་སའི་ཆུ་བེད་དང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཞིང་སའི་ཆུ་བེད་དང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ལ་མཆད་བཀོད་གལ་ཆེན་གནང་།

མཆན་བཀོད་ལས་བསྟན་དོན། ཞིང་ས་འཛུགས་སྐྲུན་བྱེད་པ་ནི་ཕྱོགས་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་གཞི་རྩ་ཇེ་བརྟན་དུ་གཏོང་བའི་གནད་འགག་གི་བྱེད་ཐབས་ཤིག་རེད། ཉེ་བའི་ལོ་འགའི་རིང་ལ། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་མཉམ་དུ་འབད་པ་བྱས་ཏེ། ཞིང་སའི་ཆུ་བེད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། འབྲུ་རིགས་དང་ཞིང་ཞོར་ཐོན་རྫས་གལ་ཆེན་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་ཐུབ་པར་འགན་སྲུང་བྱེད་ཆེད་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱེད་པ་དང་། རྨོ་ཞིང་ལ་སྲུང་སྐྱོབ་དང་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་ཀྱི་འགན་འཁྲི་མཉམ་ཁུར་ལམ་ལུགས་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་དགོས། འབྲུ་མཛོད་ས་ཞིང་ལས་ཐོན་པ་དང་འབྲུ་མཛོད་ལག་རྩལ་ལས་ཐོན་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་སའི་ཆུ་བེད་དང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ནོར་སྲིད་མ་དངུལ་གྱི་འགན་སྲུང་ཤུགས་དྲག་ཏུ་གཏོང་བ། སྣ་མང་གི་ཐབས་ལམ་རྒྱ་བསྐྱེད་དགོས། ལས་གཞིའི་སྤུས་ཚད་དང་བདེ་འཇགས་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་གནོད་འགོག་དང་གནོད་པ་མེད་པར་བཟོ་བའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཞིང་པ་མང་ཚོགས་དང་སྤྱི་ཚོགས་སྟོབས་ཤུགས་ཟབ་ཞུགས་བྱེད་པར་སྐུལ་སློང་གང་ལེགས་བྱས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་འཛུགས་སྐྲུན་ལས་འགན་ཁག་ཡོངས་འགྲུབ་བྱེད་པ་དང་།  རྨོ་ཞིང་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་མྱུར་དུ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

                                                                                                    རིག་འཛིན་སྒྲོལ་མས་བསྒྱུར།