ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧྲན་ཞིའི་ལོས་ལིང་གི་མེ་སྐྱོན་དོན་རྐྱེན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས།
2023.11.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། ཆེད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧྲན་ཞིའི་ལོས་ལིང་གྲོང་ཁྱེར་གྱི་ཡུང་ཅི་སོལ་གཏེར་གྱི་གཞུང་སྒྲུབ་ཐོག་ཁང་ལ་མེ་སྐྱོན་དོན་རྐྱེན་བྱུང་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་གནས་ཚུལ་སྙན་ཞུ་བྱས་པར་ཉན་པར་མ་ཟད། གོ་རིམ་རྗེས་མའི་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་བསྟན་དོན། ཧྲན་ཞིའི་ལོས་ལིང་གི་མེ་སྐྱོན་དོན་རྐྱེན་བྱུང་རྗེས། ཕྱི་རྒྱལ་དུ་འཚམས་འདྲི་མཛད་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་ཐོག་ཏུ་མཛུབ་སྟོན་གལ་ཆེན་བཏོན་པ་དང་། ཙུང་ལི་ལིས་ཆང་གིས་མཆན་བཀོད་རེ་བ་བཏོན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཕིང་གི་ངག་བཅོལ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་བགོས་མགོ་ཁྲིད་པས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཁྲིད་ནས་ཡུལ་དངོས་སུ་སོང་སྟེ། རྒུད་སྐྱོབ་དང་འཕྲལ་སྒྲུབ་བྱ་བར་མཛུབ་སྟོན་བྱས། དེ་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བདེ་འཇགས་ཐོན་སྐྱེད་བྱ་བར་མཐོང་ཆེན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་རུ་བཀུར་བའི་དམངས་བསམ་བརྩེ་བ་དང་འགན་འཁྲིའི་ཁག་ཁུར་དྲག་པོ་མངོན་པར་མཚོན་ཡོད། ཟོལ་མེད་ཀྱིས་བསམ་བློ་དང་འགུལ་སྐྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱད་བྱ་བར་ཤུགས་སྣོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། དུས་ངེས་མེད་དུ་བདེ་འཇགས་ཐོན་སྐྱེད་བྱ་བ་དམ་འཛིན་བྱས་ནས། ཏང་དང་མི་དམངས་ལ་ཚད་མཐོའི་འགན་ཁུར་བའི་རྣམ་འགྱུར་བཟུང་སྟེ་བདེ་འཇགས་ཐོན་སྐྱེད་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། མེ་གསོད་བདེ་འཇགས་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་ཀྱི་འཆམ་མཐུན་དང་གཏན་འཇགས་བཅས་ལ་འབྲེལ་ཡོད། ད་ལོའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་མེ་སྐྱོན་གནས་བབ་སྤྱི་ཕྱོགས་ནས་གཏན་འཇགས་ཡིན་ཡང་། མེ་གསོད་ཀྱི་མངོན་མེད་རྐྱེན་ངན་སྣང་མེད་དུ་བསྐྱུར་མི་རུང་ལ། ཐོག་མཐའ་བར་གསུམ་དུ་དོགས་ཟོན་མཐོར་འདེགས་བྱས་ཏེ། ཞིང་ཆེན་ཏང་ཨུའི་མེ་འགོག་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་སྣ་ཚོགས་ལག་ལེན་དངོས་འབེབས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་བསྟུད་མར་ཇེ་བཟང་དུ་འགྲོ་བར་འགན་སྲུང་བྱེད་དགོས། གཏེར་ཁ་དང་ཉེན་ཁ་ཅན་གྱི་རྫས་འགྱུར། བཟོ་སྐྲུན། སོལ་རླངས་སོགས་ཁྱབ་ཁོངས་གཙོ་བོ་དང་ཚོང་ར་ཆེན་མོ། བརྩེགས་རིམ་མཐོ་བའི་ཐོག་ཁང་། སྡེ་ཁུལ་རྙིང་བ། རང་བཟོས་ཁང་བ། སྨན་ཁང་། སློབ་གྲྭ། ཆོས་ལུགས་ཆོ་ག་སྤེལ་ས་སོགས་མི་མང་བོ་འདུས་སར་དམིགས་ཏེ། ཞིང་ཆེན་ཡོངས་སུ་མེ་གསོད་བདེ་འཇགས་ཀྱི་རྩད་ཞིབ་དག་ཐེར་བྱ་བ་སྤེལ་ནས། གཅིག་བསྡུས་ཀྱིས་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་གཏན་འཇགས་ཡོང་བར་མཐའ་གཅིག་ཏུ་དམ་འཛིན་བྱེད་དགོས། ཚོར་མེད་སྣང་ཆུང་གི་བསམ་བློ་ཁྱད་དུ་བསལ་བ་དང་། དོན་རྐྱེན་གྱི་བསླབ་བྱ་ཟབ་མོ་བསྡུ་ལེན་བྱས་ཏེ། དཔེ་གཅིག་ལ་རིགས་བསྒྲེས་ནས་མི་འདང་ས་དང་ཆད་ལྷག་རྩད་ཞིབ་བྱེད་པ་དང་ཞན་ཆ་ཕྱོགས་ཡོངས་ནས་ཁ་གསབ་བྱས་ནས། བདེ་འཇགས་འཕེལ་རྒྱས་ཀྱི་མ་མཐའི་ཚད་ཐིག་བརྟན་པོར་སྲུང་དགོས། བསྟུད་མར་མེ་གསོད་བདེ་འཇགས་དྲིལ་སྒྲོག་བྱ་བར་ཤུགས་སྣོན་པ་དང་། དམངས་སྲུང་དང་དངོས་སྲུང་། རྩལ་སྲུང་བཅས་ཀྱི་བྱེད་ཐབས་ལ་ཤུགས་སྣོན་བྱེད་པ་དང་། མེ་གསོད་བདེ་འཇགས་ཀྱི་སྦྱོང་བརྡར་བྱ་བ་ནན་ཏན་གྱིས་སྤེལ་ནས། ཟོལ་མེད་ཀྱིས་མི་དམངས་མང་ཚོགས་ཀྱི་མེ་སྐྱོན་དོགས་ཟོན་འདུ་ཤེས་དང་རང་སྲུང་རང་སྐྱོབ་ནུས་པ་མཐོར་འདེགས་བྱེད་དགོས་ཟེར།

གྲོས་ཚོགས་ནས་རིམ་པ་སོ་སོའི་མགོ་ཁྲིད་པ་དང་ལས་བྱེད་པས་ཏང་སྲིད་ཀྱི་འགན་འཁྲི་གཅིག་འདྲ་ཡིན་པ་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས་ཡོད་པ། རིམ་པ་གཅིག་གིས་རིམ་པ་གཅིག་ལ་མིག་དཔེ་སྟོན་པ། རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་པ། དུས་ངེས་མེད་དུ་བློ་བདེ་ཐབས་མེད་པའི་འགན་འཁྲིའི་འདུ་ཤེས་དངོས་འབེབས་ནན་མོ་བྱེད་པ་དང་། གཞི་རིམ་དུ་སོང་ནས་རྟོག་ཞིབ་དང་ཞིབ་བཤེར་ལྟ་སྐུལ་བྱེད་དགོས་ལ། བདེ་འཇགས་ཐོན་སྐྱེད་བྱ་བ་དེ་ཁ་བཤད་ཙམ་གཏན་ནས་བྱེད་མི་རུང་། སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་། ཏང་སྲིད་མགོ་ཁྲིད་པའི་འགན་འཁྲི་དང་སྡེ་ཁག་གི་ལྟ་རྟོག་དོ་དམ་འགན་འཁྲི། ཁེ་ལས་ཀྱི་འགན་འཁྲི་གཙོ་བོ་བཅས་དངོས་འབེབས་གང་ལེགས་བྱས་ཏེ། ངེས་པ་དོན་གྱི་གཏན་སྲུང་བྱེད་པའི་འགན་འཁྲི་ཡོད་པ་དང་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་དགོས་པའི་བླང་བྱ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།