ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས།
2023.11.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་དངོས་འབེབས་བྱས་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་ནས་ཆེད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧྲན་ཞིའི་ལོས་ལིང་གྲོང་ཁྱེར་གྱི་ཡུང་ཅི་སོལ་གཏེར་གྱི་གཞུང་སྒྲུབ་ཐོག་ཁང་ལ་མེ་སྐྱོན་དོན་རྐྱེན་བྱུང་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་གནས་ཚུལ་སྙན་ཞུ་བྱས་པར་ཉན་པར་མ་ཟད། ལག་ལེན་དང་དངོས་འབེབས་བྱ་བར་ཞིབ་འཇུག་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་། ཙུང་ལི་ལིས་ཆང་གིས་མཆན་བཀོད་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལྟར། དོན་རྐྱེན་གྱི་བསླབ་བྱ་ཟབ་མོ་བསྡུ་ལེན་བྱེད་པ་དང་མ་མཐའི་ཚད་ཐིག་སྲུང་བའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། དུས་ངེས་མེད་དུ་སེམས་བདེ་ལ་འབབ་མི་ཐུབ་པའི་འགན་འཁྲིའི་འདུ་ཤེས་ཀྱིས་བློ་ཐག་རྦད་ཆོད་ཀྱིས་བདེ་འཇགས་ཉེན་ཁའི་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་བསྟུད་མར་གཏན་འཇགས་དང་ཇེ་བཟང་དུ་འགྲོ་བར་འགན་སྲུང་བྱེད་དགོས། རྒུད་སྐྱོབ་དང་འཕྲལ་སྒྲུབ་བྱ་བར་མཛུབ་སྟོན་བྱས། དེ་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བདེ་འཇགས་ཐོན་སྐྱེད་བྱ་བར་མཐོང་ཆེན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་རུ་བཀུར་བའི་དམངས་བསམ་བརྩེ་བ་དང་འགན་འཁྲིའི་ཁག་ཁུར་དྲག་པོ་མངོན་པར་མཚོན་ཡོད། ཟོལ་མེད་ཀྱིས་བསམ་བློ་དང་འགུལ་སྐྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱད་བྱ་བར་ཤུགས་སྣོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། དུས་ངེས་མེད་དུ་བདེ་འཇགས་ཐོན་སྐྱེད་བྱ་བ་དམ་འཛིན་བྱས་ནས། ཏང་དང་མི་དམངས་ལ་ཚད་མཐོའི་འགན་ཁུར་བའི་རྣམ་འགྱུར་བཟུང་སྟེ་བདེ་འཇགས་ཐོན་སྐྱེད་བྱ་བ་བཟང་བོར་བསྒྲུབ་དགོས། དོ་དམ་ནན་མོ་བྱེད་པ་རྒྱུན་འཁྱོངས་དང་ལས་རིགས་གཙོ་བོ་དང་ཁྱབ་ཁོངས་གཙོ་བོའི་མི་མངོན་པའི་ཉེན་ཁ་རྩད་ཞིབ་དང་ཕྱོགས་ཡོངས་ནས་མེ་གསོད་བདེ་འཇགས་ཀྱི་རྩད་ཞིབ་དག་ཐེར་བྱ་བ་སྤེལ་དགོས། ཤུགས་ཆེན་པོས་ཞན་ཆ་ཁ་གསབ་བྱེད་པ་དང་འཕྲལ་སྒྲུབ་ཇུས་གཞི་དང་འགོག་སྲུང་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། འཕྲལ་སྒྲུབ་ཐག་གཅོད་ནུས་པ་མཐོར་འདེགས་བྱེད་དགོས། བདེ་འཇགས་རིག་གནས་གསོ་སྤེལ་དང་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བྱས་ཏེ། ཟོལ་མེད་ཀྱིས་མི་དམངས་མང་ཚོགས་ཀྱི་རང་སྐྱོབ་རང་སྲུང་ནུས་པ་མཐོར་འདེགས་བྱེད་དགོས། ནན་ཏན་གྱིས་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཐུན་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཡོད་པར་བྱས་ནས། སྣེ་ཁྲིད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་རྟོག་ཞིབ་ལྟ་སྐུལ་ཞིབ་བཤེར་བྱ་བ་སྤེལ་བ་དང་། འགན་འཁྲི་དངོས་འབེབས་བྱེད་པའི་མུ་རྒྱུན་ནན་སྲུང་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་དོན་རྐྱེན་ཆེན་པོ་འབྱུང་བར་སྔོན་འགོག་བྱས་ནས། ཟོལ་མེད་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས།

གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཕྱོགས་ཡོངས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་དང་། པེ་ཅིང་དང་ཧི་པེའི་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བར་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི་བཅོས་བསྒྱུར་དང་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་དངོས་འབེབས་བྱེད་པ། གཏན་འཇགས་ཀྱིས་བཅོས་བསྒྱུར་ལས་འགན་སྣ་ཚོགས་དངོས་འབེབས་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་དང་མ་ལག་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རྨ་སྟོད་དང་མིན་ཡོན་གྱི་ས་ཡོམ་དང་། རྟ་ཐང་གི་ཆུ་ལོག ཧུའུ་ཀྲུའུ་ཡི་ས་གཤིས་གནོད་འཚེ་སོགས་ཀྱི་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བར་གཅིག་འདོམ་སྐུལ་འདེད་བཏང་སྟེ། རྒྱུན་ཆད་མེད་པར་གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས།

གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གསུམ་ལོའི་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་ཝུའུ་ཀྲིན་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་སྤེལ་བའི་ཤིས་ཚིག་གལ་ཆེན་དང་། ཉིས་སྟོང་ཉེར་གསུམ་ལོའི་འགྲམ་གཉིས་ཀྱི་ཁེ་ལས་པའི་མཐོ་རིམ་གྲོས་ཚོགས་ཀྱི་ལོ་ངོ་བཅུ་འཁོར་བའི་ལོ་ཚོགས་ལ་ཕུལ་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཐོན་ཁུངས་ལས་བསྩལ་བའི་ཁྱད་སྟོབས་ལ་རྐང་འཛུགས་པ་དང་། ཧུར་ཐག་སྒོས་ཤར་གྲངས་ནུབ་རྩིས་ཀྱི་རྒྱལ་ཁབ་བཀོད་སྒྲིག་དང་འདྲེས་པར་བྱེད་པ་དང་། བརྡ་འཕྲིན་ཅན་གྱི་ཞབས་ཞུ་ཁྱབ་གདལ་དུ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། དྲ་རྒྱའི་བར་སྣང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྤུས་ལེགས་ཀྱི་དྲ་རྒྱའི་རིག་གནས་ཐོན་རྫས་ཀྱི་ཐོན་སྐྱེད་དང་དྲིལ་སྒྲོག་ལ་སྐུལ་འདེད་བཏང་སྟེ། རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་འབྲེལ་དྲ་རྒྱའི་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས། འགྲམ་གཉིས་ཀྱི་ཁེ་ལས་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་གྲོས་བྱེད་པའི་གླེང་སྟེགས་ཀྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་བྱས་ནས། ཧུར་ཐག་སྒོས་འགྲམ་གཉིས་ཀྱི་དཔལ་འབྱོར་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ཐེ་ཝན་གྱི་ཁེ་ལས་པ་མཚོ་སྔོན་དུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པ་དང་མཉམ་དུ་འཕེལ་རྒྱས་ལ་བརྩོན་ལེན་བྱེད་པར་སྐུལ་མ་བཏང་ནས། ལག་རྡང་སྦྲེལ་ནས་ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས།

གྲོས་ཚོགས་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།