ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་གྱི་རང་བྱུང་ཚན་རིག་བཟོ་སྐྲུན་སློབ་ཆེན་གྱི་གྲ་སྒྲིག་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་དངོས་འབེབས་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་ཞིང་ཕན་ནུས་ལྡན་པའི་སྒོ་ནས་མཚོ་སྔོན་གྱི་རང་བྱུང་ཚན་རིག་བཟོ་སྐྲུན་སློབ་ཆེན་གྱི་གྲ་སྒྲིག་འཛུགས་སྐྲུན་བྱ་བ་དམ་འཛིན་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འཇོན་མིའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།
ཝུའུ་ཞའོ་ཅུན་སྔ་གཞུག་ཏུ་ཚོད་ལྟའི་ཐོག་ཁང་དང་དགེ་རྒན་གྱི་མལ་ཤག ལུས་རྩལ་འགུལ་སྐྱོད་ལྟེ་གནས་བཅས་སུ་སོང་སྟེ། ཡུལ་དངོས་ནས་སྐྱེ་ཁམས་དང་ཁོར་ཡུག་ཚན་རྩལ་སློབ་གླིང་གི་གནམ་གཤིས་བརྟག་དཔྱད་ཁང་། རྒྱང་ཚོར་ཚོད་ལྟ་ཁང་། བཟོ་སྐྲུན་དངོས་སྦྱོང་ལྟེ་གནས། ལུས་རྩལ་ཁང་བཅས་ཀྱི་འཛུགས་སྐྲུན་དང་འཁོར་སྐྱོད། དོ་དམ། དེ་མིན་དགེ་རྒན་གྱི་སྟོབས་ཤུགས་དང་བསླབ་ཚན་གྱི་བཀོད་སྒྲིག སློབ་ཁྲིད་ཀྱི་བསླབ་གཞི། ལམ་ལུགས་འཛུགས་སྐྲུན། ཞབས་ཞུའི་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ལས་ཡུལ་དང་པོའི་དགེ་བཟོ་བར་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་པ་དང་། ཁོ་ཚོའི་སློབ་སྦྱོང་དང་བྱ་བ། འཚོ་བ་བཅས་ཀྱི་གནས་ཚུལ་ཞིབ་ཏུ་དྲིས་པར་མ་ཟད། ཁོ་ཚོ་མཚོ་སྔོན་གྱི་རང་བྱུང་ཚན་རིག་བཟོ་སྐྲུན་སློབ་ཆེན་གྱི་གྲ་སྒྲིག་འཛུགས་སྐྲུན་བྱ་བའི་ཁྲོད་ཞུགས་ནས། འཇོན་ནུས་མངོན་པ་དང་ཕུགས་འདུན་འཚོལ་བསྙེག་བྱེད་པ། བློ་གཅིག་སེམས་གཅིག་གིས་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་མཚོ་སྔོན་གྱི་རང་བྱུང་ཚན་རིག་བཟོ་སྐྲུན་སློབ་ཆེན་གྲ་སྒྲིག་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས་པའི་སྐུལ་མ་བཏང་།
དེའི་རྗེས་སུ་བསྡུས་པའི་གྲ་སྒྲིག་འཛུགས་སྐྲུན་བྱ་བའི་བཀོད་གཏོང་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་འབྲེལ་ཡོད་ལས་ཁུངས་སོ་སོའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། གྲ་སྒྲིག་འཛུགས་སྐྲུན་བྱ་བའི་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། གོ་རིམ་རྗེས་མའི་བྱ་བ་གཙོ་བོའི་ཐད་བཀོད་སྒྲིག་དང་བཀོད་གཏོང་བྱས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་བཅས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བྱ་བར་སྐུལ་འདེད་གཏོང་བའི་མ་ལག་རང་བཞིན་དང་གནད་འཁེལ་རང་བཞིན། རོགས་ལས་རང་བཞིན། དངོས་ཕན་རང་བཞིན་བཅས་ལ་དོ་སྣང་བྱེད་པ་དང་། ཕྱོགས་ཡོངས་ནས་མ་ལག་ལྡན་པར་མིག་སྔར་དང་སང་ལོའི་བྱ་བ་གཙོ་བོ་སྣ་ཚོགས་ལ་སྐུལ་འདེད་གཏོང་བ་དང་། གནད་འཁེལ་དང་ཕན་ནུས་ལྡན་པའི་སྒོ་ནས་ཞན་ཆའི་གནད་དོན་ཐག་གཅོད་བྱེད་པ། གྲ་སྒྲིག་འཛུགས་སྐྲུན་བྱ་བ་སྣ་ཚོགས་ལ་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས། སྔར་ནས་གཏན་འཁེལ་བྱས་པའི་དམིགས་འབེན་ལ་དམིགས་པ་དང་འགན་འཁྲིའི་དངོས་འབེབས་ལ་ཤུགས་སྣོན་པ། དངོས་ཕུང་ཅན་གྱི་འཁོར་སྐྱོད་དོ་དམ་ཇེ་མགྱོགས་སུ་གཏོང་བ། བསྟུད་མར་དགེ་རྒན་གྱི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། རྒྱབ་སྐྱོར་དང་འགན་སྲུང་ཤུགས་ཚད་ཇེ་ཆེར་གཏོང་བ། སློབ་རའི་བདེ་འཇགས་འགོག་སྲུང་དྲ་བ་རྩ་འཛུགས་ཞིབ་ཚགས་བྱས་ཏེ། དོ་དམ་དང་ཚན་རིག ལམ་ལུགས་ཚད་ལྡན། འཁོར་སྐྱོད་ནུས་ལྡན། སྒྲིག་ཆས་ཆ་ཚང་། བདེ་འཇགས་འཆམ་མཐུན་བཅས་ཀྱི་མི་སྣའི་གསོ་སྐྱོང་ཁོར་ཡུག་བཟང་བོ་ཞིག་ཆགས་པར་བྱེད་དགོས་ཟེར།
དབྱང་ཀྲི་ཝུན་གྱིས་མཉམ་དུ་རྟོག་ཞིབ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།