ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིར་བསྐྱོད་དེ་ཀྲུང་གོ་དང་ཨ་མེ་རི་ཁའི་གཙོ་འཛིན་མཇལ་འཕྲད་གནང་ཚར་བ་དང་ཆབས་ཅིག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པར་ཞུགས་པ་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་ཀྱིན་ཡོད་ལ་དེ་བསྟུན་གྱི་གྲུབ་འབྲས་ཆེན་པོ་ཐོབ་པ་དང་དེར་དོན་སྙིང་ཆེན་པོ་ལྡན།
2023.11.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

2023ལོའི་ཟླ11པའི་ཚེས14ཉིན་ནས་ཚེས17ཉིན་བར་དུ། ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གྱིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཅིག་ཅིན་ཧྲན་དུ། ཀྲུང་གོ་དང་ཨ་མེ་རི་ཁའི་གཙོ་འཛིན་མཇལ་འཕྲད་གནང་ཚར་བ་དང་ཆབས་ཅིག གདན་དྲངས་པ་ལྟར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པར་ཞུགས་ཚར་བ་ན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་འགྲོ་རོགས་ཀྱི་གསར་འགོད་པར་ད་ཐེངས་ཀྱི་འཚམས་འདྲིའི་གནས་ཚུལ་ངོ་སྤྲོད་བྱས།

མིག་སྔར། འཛམ་གླིང་སྟེང་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་བྱུང་སྟེ། མིའི་རིགས་ལོ་རྒྱུས་ཀྱི་དཀྱོགས་མཚམས་སུ་གནས་ཡོད། ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་ཅི་ལྟ་བུ་ཞིག་འབྱུང་བར། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱིས་སེམས་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད་ཅིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ཚད་མཐོའི་དོ་ཁུར་བྱེད་བཞིན་ཡོད། ད་ལོ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པ་ཡིན་ལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་མཉམ་ལས་ཀྱི་མ་འོངས་པའི་ལོ་སུམ་ཅུ་དེ་གང་ནས་གང་གི་ཕྱོགས་སུ་བསྐྱོད་མིན་ཐད་ཕྱོགས་སོ་སོས་བསམ་གཞིག་གཏོང་བཞིན་ཡོད། གནད་འགག་གི་དུས་སྐབས་འདི་དང་བསྟུན་ནས། ཀྲུའུ་ཞི་ཞི་ཅིན་ཕིང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་ཅིག་ཅིན་ཧྲན་དུ་ཕེབས། རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་ཡོངས་ཁྱབ་ངང་ངོས་འཛིན་བྱས་དོན། ད་ཐེངས་ཀྱི་འཚམས་འདྲི་འདི་ནི་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཀྱིན་པ་དང་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། ནང་སྙིང་ཕུན་སུམ་ཚོགས་པ་བཅས་ཀྱི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་བརྟན་པོའི་རང་བཞིན་བསྣན་ཡོད་ཅིང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ལ་སྒུལ་ཤུགས་གསར་བ་བསྩལ་ཡོད་པར་མ་ཟད། རྒྱལ་སྤྱི་དང་ས་ཁུལ་གྱི་ཆགས་སྟངས་ལ་དྲང་ནུས་བསྣན་ཡོད་པའི་དབང་གིས། གཟིགས་རྒྱང་རིང་ལ་བློ་རྒྱ་ཆེ་བའི་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་ཉམས་འགྱུར་མངོན་ཡོད་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གྱིས་ད་ཐེངས་ཀྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པ་འཚོགས་པའི་སྐབས་དང་བསྟུན་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་གཙོ་འཛིན་མཇལ་འཕྲད་གནང་རྒྱུ་ལོགས་སུ་བཀར་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་དུ་གདན་དྲངས། ཨ་མེ་རི་ཁ་ཕྱོགས་ཀྱིས་དེ་ནི་ཀྲུང་གོ་དང་ཨ་མེ་རི་ཁའི“རྩེ་ཚོགས”ཤིག་ཡིན་པས། ད་ཐེངས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སྐབས་ཀྱི་ཕྱོགས་གཉིས་ཀའི་མཇལ་འཕྲད་བཀོད་སྒྲིག་དང་མི་འདྲ་ཞེས་བརྗོད་ཀྱིན་འདུག ཨ་མེ་རི་ཁའི་ནང་ཁུལ་གྱི་ལས་རིགས་སོ་སོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཇལ་འཕྲད་དེར་རེ་ལྟོས་ཆེན་པོ་བྱེད་ཀྱིན་ཡོད་པས། རྒྱལ་ཁབ་གཉིས་ཀ“པཱ་ལིས་གླིང་ཕྲན་གྱི་མཇལ་འཕྲད་སྐབས་ཀྱི་ཐུན་མོང་བསམ་འདུན་ལག་བསྟར་བྱས་ནས་ཅིག་ཅིན་ཧྲན་དུ་མཇལ་འཕྲད་གནང་བར”རེ་ལྟོས་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བབ་དང་བསྟུན་ནས་གདན་དྲངས་པ་ལྟར། ཅིག་ཅན་ཧྲན་དུ་ཕེབས་ཏེ་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་དང་མཇལ་འཕྲད་གནང་བར་བརྟེན། སླར་ཡང་ལོ་རྒྱུས་ཀྱི་གནད་འགག་དུས་སྐབས་སུ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་པོ་དང་སྔར་ལས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

ཕྱོགས་གཉིས་ཀས་ཐུན་མོང་གི་འབད་བརྩོན་བྱས་པ་བརྒྱུད། གཞི་ནས་ད་ཐེངས་ཀྱི་མཇལ་འཕྲད་ལ་གྲུབ་འབྲས་ཆེན་པོ་ཉི་ཤུ་ལྷག་ཐོབ་པ་དང་། རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་ཀྱང་མཇལ་འཕྲད་དེར་དོ་སྣང་ཆེན་པོ་དང་གདེང་འཇོག་གང་ལེགས་བྱས་ནས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་གྱི་འབྲེལ་གཏུག་ཐད་ནས་བཤད་ན་གལ་འགངས་ཤིན་ཏུ་ཆེ་བ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་པོ་ཡོང་བར་བྱེད་པའི་ཐད་ནས་བཤད་ན། གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་བྱེད་ནུས་ལྡན་པར་ངོས་འཛིན་བྱེད་ཀྱིན་ཡོད། ད་ཐེངས་ཀྱི་མཇལ་འཕྲད་ལ་ཕྱོགས་གཉིས་ཀའི་དགེ་མཚན་ལྡན་ལ་བསམ་འདུན་མཚོན་ཐུབ་པ་དང་། དེ་བསྟུན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པའི་དབང་གིས། དོན་སྙིང་གལ་ཆེན་ལྡན་པ་ལས་གཞན། ཁྱད་པར་འགལ་རྐྱེན་གང་མང་ཐེབས་མྱོང་བའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་འགག་རྩའི་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད། ཙུང་ཐུང་པའེ་ཏིན་གྱིས་ཀྱང་རྩོམ་ཡིག་ལྔ་བསྟུད་མར་སྤེལ་ནས། ཐེངས་འདིའི་མཇལ་འཕྲད་ནི་ཆེས་ཧུར་བརྩོན་རང་བཞིན་ལྡན་པ་དང་ཆེས་གྲུབ་འབྲས་ཐོབ་པའི་མཇལ་འཕྲད་ཅིག་ཡིན་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།