རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་དང་མེ་གསོད་བྱ་བའི་དཔྱད་ཞིབ་སྐོར་ཞིབ་ཚན་ཁག་གི་ཚན་ཆུང་བཞི་པ་མཚོ་སྔོན་དུ་ཡོང་ནས་དཔྱད་ཞིབ་སྐོར་ཞིབ་བྱ་བ་སྤེལ།
2023.11.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ11པའི་ཚེས19ཉིན་ནས་ཚེས29ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་དང་མེ་གསོད་བྱ་བའི་དཔྱད་ཞིབ་སྐོར་ཞིབ་ཚན་ཁག་གི་ཚན་ཆུང་བཞི་པས་རང་ཞིང་དུ་ཉིས་སྟོང་ཉེར་གསུམ་ལོའི་བདེ་འཇགས་ཐོན་སྐྱེད་དང་མེ་གསོད་བྱ་བའི་དཔྱད་ཞིབ་སྐོར་ཞིབ་བྱ་བ་སྤེལ་རྒྱུ་རེད། ཟླ11པའི་ཚེས་20ཉིན། དཔྱད་ཞིབ་སྐོར་ཞིབ་ཀྱི་སྙན་ཞུ་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། དཔྱད་ཞིབ་སྐོར་ཞིབ་ཚན་ཁག་གི་ཚན་ཆུང་བཞི་པའི་ཚན་གཙོ། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲའེ་ཆིན་གྱིས་གཏམ་བཤད་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་མེ་གསོད་བྱ་བའི་གནས་ཚུལ་སྙན་ཞུ་བྱས།

ཀྲའེ་ཆིན་གྱིས་བསྟན་དོན། ཐེངས་འདིའི་དཔྱད་ཞིབ་སྐོར་ཞིབ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་རྗེས་སུ་ཐོག་དང་པོར་རྩ་འཛུགས་བྱས་ནས་དཔྱད་ཞིབ་བྱས་པ་ཡིན་ཞིང་། ཐོག་དང་པོར་ས་གནས་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆབ་སྲིད་གྲུབ་འབྲས་དཔྱད་ཞིབ་བྱ་བ་སྦྲེལ་མཐུད་བྱས་པ་ཡིན། དཔྱད་ཞིབ་སྐོར་ཞིབ་བྱ་བས་གཙོ་བོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དངོས་འབེབས་བྱེད་པ། ཆེད་དོན་འགུལ་སྐྱོད་ཆེན་མོའི་རྩ་འཛུགས་ལག་བསྟར། གཞི་རིམ་ནས་དངོས་འབེབས་བྱ་བ་དམ་འཛིན་བྱས་པའི་གནས་ཚུལ་བཅས་གནད་དུ་བཟུང་ཡོད་ལ།  ཕྱོགས་བསྡུས་བེད་སྤྱོད་ཀྱི་སྙན་ཞུར་ཉན་པ་དང་། རྒྱུ་ཆ་ལྟ་ཀློག གླེང་མོལ་དང་འཚམས་འདྲི། ཞུ་གཏུག་ཐག་གཅོད། ཡུལ་དངོས་ཞིབ་བཤེར་སོགས་ཀྱི་ཐབས་ལ་བརྟེན་ནས་བྱ་བ་སྤེལ་དགོས། དེའི་ཞོར་དུ་གྲོང་ཁྱེར་རིམ་པའི་སྲིད་གཞུང་གཉིས་འཐེན་ཞིབ་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་མངོན་ལྐོག་གཉིས་ནས་རྩད་ཞིབ་བྱ་རྒྱུ་ཡིན། མཚོ་སྔོན་གྱིས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཤིང་། ཐེངས་འདིའི་དཔྱད་ཞིབ་སྐོར་ཞིབ་གོ་སྐབས་སུ་བྱས་ཏེ། ཕྱོགས་ཡོངས་ནས་གནད་དོན་རྩད་ཞིབ་ལེགས་བཅོས་བྱེད་པ་དང་། མ་ལག་ལྡན་པའི་སྒོ་ནས་འབྱུང་རྩ་གསལ་བོར་རྩད་ཞིབ་བྱེད་པ། རྗེས་འདེད་འགན་འཁྲིའི་རྩད་གཅོད་ལ་ཤུགས་སྣོན་པ། ནུས་པ་དང་ལྡན་པའི་བྱེད་ཐབས་བཟང་བོ་འདོན་པ། མི་མངོན་པའི་ཉེན་ཁ་ལེགས་སྒྱུར་བྱས་ནས་མེད་པར་གཏོང་བ། མི་འདང་ས་ཁ་གསབ་དང་ཞན་སར་ཤུགས་སྣོན་བྱས་ནས། དོན་རྐྱེན་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་ཚོད་འཛིན་དོགས་ཟོན་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་ཟེར།

ཁྲིན་ཀང་གིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ངེས་པར་དུ་དཔྱད་ཞིབ་སྐོར་ཞིབ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བཟང་བོར་སྒྲུབ་པའི་མཐོ་ཚད་ནས་ལངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལ་དཔེ་ལེན་ཞིབ་བསྡུར་བྱས་ནས། རང་རྟོགས་དང་ལྷག་བསམ་རྣམ་དག་གིས་དཔྱད་ཞིབ་སྐོར་ཞིབ་དང་ལེན་བྱེད་དགོས། ཟོལ་མེད་ཀྱིས་ཆབ་སྲིད་ལངས་གནས་མཐོར་འདེགས་དང་། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་དུ་བླངས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་མཚོ་སྔོན་ནས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བའི་མཐོ་ཚད་ནས། ཧུར་ཐག་སྒོས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་མེ་གསོད་བྱ་བར་ཕན་འབྲས་བཟང་བོ་ཐོབ་པར་བྱེད་དགོས། ཧུར་ཐག་སྒོས་དཔྱད་ཞིབ་སྐོར་ཞིབ་ལ་རམ་འདེགས་བྱེད་པ་དང་། དཔྱད་ཞིབ་སྐོར་ཞིབ་ཚན་ཆུང་གི་བྱ་བའི་བཀོད་སྒྲིག་དང་བྱེ་བྲག་གི་རེ་བ་ལྟར། དངོས་ཐོག་བདེན་འཚོལ་གྱིས་བྱ་བ་སྙན་ཞུ་བྱེད་པ་དང་། དངོས་ཡོད་དང་མཐུན་པའི་སྒོ་ནས་གནས་ཚུལ་ཡར་ཞུ་བྱེད་པ། དུས་ལྟར་རྒྱུ་ཆ་ཡང་དག་འདོན་སྤྲོད་བྱེད་པ། གནད་དོན་སྦ་གསང་མི་བྱེད་པ་དང་། འགལ་བར་གཡོལ་ཐབས་མི་བྱེད་པ། ལས་འགན་ལྗིད་མོ་བསྐྱུར་ནས་ཡང་མོར་མི་བསྙེག་པ། མི་འདང་ས་ཐེར་འདོན་བྱེད་པར་མི་འཛེམ་པ་བཅས་བྱས་ཏེ། གནད་དོན་གྱི་ལེགས་བཅོས་བྱ་བ་མཐའ་གཅིག་ཏུ་དམ་འཛིན་བྱས་ཤིང་། དཔྱད་ཞིབ་སྐོར་ཞིབ་དང་ལེན་བྱེད་པའི་བརྒྱུད་རིམ་དེ་མི་མངོན་པའི་ཞན་ཆ་ཁ་གསབ་བྱེད་པ་དང་ཉེན་ཁ་འགོག་སེལ་གྱི་བརྒྱུད་རིམ་དུ་བྱས་ཏེ། དཔྱད་ཞིབ་སྐོར་ཞིབ་ལས་རྙེད་པའི་མི་འདང་ས་དང་ཕྱིར་ལྡོག་གནད་དོན་ཚང་མ་དང་ལེན་བྱེད་དགོས་ལ། ལེགས་སྒྱུར་བྱ་བ་དམ་འཛིན་བྱས་ནས། ཤུགས་ཆེན་པོས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་མེ་གསོད་བྱ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཟེར།

དཔྱད་ཞིབ་སྐོར་ཞིབ་ཚན་ཁག་གི་ཚན་ཆུང་བཞི་པའི་ཁོངས་མི་དང་། ཞིང་ཆེན་གྱི་མགོ་ཁྲིད་པ་ཚེ་རིང་ཐར་དང་། ཝང་ལིན་ཧུའུ། ཀྲུའུ་ཞང་ཧྥུན། ལིའུ་ཐའོ། དབྱང་ཀྲི་ཝུན། ལིས་ཧུང་ཡཱ། ཝང་ཧེ་ཧོང་བཅས་ཚོགས་འདུར་ཞུགས།

མཚོ་སྔོན་དུ་སྡོད་པའི་སྐབས་སུ། དཔྱད་ཞིབ་སྐོར་ཞིབ་ཚན་ཆུང་གིས་ཞུ་གཏུག་ཁ་པར་དང་གློག་རྡུལ་ཡིག་སྒམ། དྲ་རྒྱའི་ཞུ་གཏུག་བྱེད་ས་བཅས་བཀོད་སྒྲིག་བྱ་རྒྱུ་ཡིན་ཞིང་། གཙོ་བོ་བདེ་འཇགས་ཐོན་སྐྱེད་དང་མེ་གསོད་བདེ་འཇགས་ལ་འབྲེལ་བའི་མི་མངོན་པའི་གནད་དོན་ཚབས་ཆེན་ཞུ་གཏུག་དང་ཡར་ཞུ་བྱས་པ་ཐག་གཅོད་བྱ་རྒྱུ་རེད། ཞུ་གཏུག་ཁ་པར་ནི09713890305ཡིན་པ་དང་། གློག་རྡུལ་ཡིག་སྒམ་ནིAQSCJB12350@163.comཡིན་ལ། སྦྲགས་སྲིད་ཡིག་སྒམ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཨངA184པའི་སྦྲགས་སྲིད་ཡིག་སྒམ་ཡིན་པ་དང་། སྦྲགས་སྲིད་ཨང་གྲངས་ནི810000རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།