ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ལྷན་དུ་སོ་སོར་ཀྲུང་གོ་དང་ཨུ་རུ་སིའི་སྲིད་འཛིན་ཏང་བར་གྱི་གླེང་མོལ་ལམ་སྲོལ་གྱི་ཚོགས་འདུ་ཐེངས་བཅུ་པར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།
2023.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 61

ཟླ11པའི་ཚེས20ཉིན། ཀྲུང་གོ་དང་ཨུ་རུ་སིའི་སྲིད་འཛིན་ཏང་བར་གྱི་གླེང་མོལ་ལམ་སྲོལ་གྱི་ཚོགས་འདུ་ཐེངས་བཅུ་པ་བརྙན་ལམ་ནས་འཚོགས་པ་དང་།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་ཀྱིས་སོ་སོར་ཚོགས་འདུ་ལ་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་དེང་སྐབས་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་ཏེ། འཛམ་གླིང་འདི་ཉིད་ཟང་ཟིང་གི་འཕོ་འགྱུར་གསར་པའི་དུས་སྐབས་སུ་སླེབས་ཡོད། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བས་རྒྱལ་སྤྱིའི་སྟེང་གི་འགྱུར་ལྡོག་ཆེ་མ་ཆུང་གསུམ་གྱི་ཉམས་སད་ཐེག་ཐུབ་པར་གྱུར་ནས། ཆུ་ཚད་མཐོ་བའི་འཕེལ་རྒྱས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཡོད་ཅིང་། རྒྱལ་ཁབ་ཆེན་པོའི་འབྲེལ་བའི་མ་དཔེ་གསར་པ་བསྟན་ཡོད་པའི་དབང་གིས། འཛམ་གླིང་ཧྲིལ་པོ་བརྟན་འཇགས་ངང་འཕེལ་རྒྱས་ཡོང་བའི་ངོས་ནས་བཤད་ན། འཐབ་ཇུས་ཀྱི་རིན་ཐང་སྔར་ལས་མངོན་གསལ་ལྡན། སང་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་གང་ལེགས་བྱས་ཏེ། ཡུན་རིང་ཁྱིམ་མཚེས་མཛའ་མཐུན་དང་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས། གཉིས་ཕན་མཉམ་ལས་བཅས་ཀྱི། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་སྔར་ལས་གང་མང་སྣོན་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་གཅིག་གྱུར་ཨུ་རུ་སིའི་ཏང་བར་གྱི་བརྗེ་རེས་མཉམ་ལས་ནི། དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་ཡི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོ་དང་ཨུ་རུ་སིའི་སྲིད་འཛིན་ཏང་བར་གྱི་གླེང་མོལ་ལམ་སྲོལ་དེ། རྒྱལ་ཁབ་གཉིས་ཀས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། འཐབ་ཇུས་མཉམ་ལས་དམ་ཟབ་བྱེད་པ། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམིགས་བསལ་ཐབས་ལམ་དང་ལས་སྟེགས་ཤིག་ཏུ་གྱུར་ཡོད། ཏང་གཉིས་ཀས་གླེང་མོལ་ལམ་སྲོལ་གྱི་ཚོགས་འདུ་ཐེངས་བཅུ་པ་བསྡུས་པ་གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་ཆེན་པོའི་ཏང་གི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་རྒྱུ་དང་། དུས་སྐབས་གསར་པའི་འགྲོ་འོང་གི་ནང་སྙིང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ལམ་སྲོལ་ཅན་གྱི་བརྗེ་རེས་མཉམ་ལས་ཀྱི་རྣམ་པ་གསར་པ་བསྐྲུན་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་རྒྱུའི་རེ་ལྟོས་ཡོད་ཅེས་ནན་གྱིས་གསུངས།

ཕུའུ་ཅིན་གྱིས་རྟེན་འབྲེལ་འཕྲིན་ཡིག་ནང། ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆུ་ཚད་མཐོན་པོར་སླེབས་ཡོད། རྒྱལ་ཁབ་གཉིས་ཀས་དཔལ་འབྱོར་དང་འགྲིམ་འགྲུལ། ནུས་ཁུངས། མི་གཞུང་རིག་གནས་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལས་གཞི་ཆེ་གྲས་མང་པོར་མཉམ་དུ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀས་ཕན་ཚུན་བར་གྱི་བརྒྱུད་ལམ་དང་དེ་བཞིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་། གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་ལམ་སྲོལ་བརྒྱུད་དེ། ལངས་ཕྱོགས་མཐུན་སྦྱོར་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐག་གཅོད་བྱས་ཏེ། སྔར་ལས་དྲང་བདེན་དམངས་གཙོ་ཡི་རྒྱལ་སྤྱིའི་སྒྲིག་ལམ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།