ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཆང་གིས་ཟླ11པའི་ཚེས20ཉིན་ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་འགོ་འཛིན་མཛད་ནས། ཀྲུང་དབྱང་དངུལ་རྩའི་ལས་དོན་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པར་མ་ཟད། དངུལ་རྩའི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ལས་འགན་གཙོ་བོའི་ལས་བགོས་ཇུས་གཞིར་གྲོས་ཞིབ་བྱས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དངུལ་རྩའི་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ་དངུལ་རྩའི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ལ་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་སྐྱོད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ།དུས་རབས་གསར་པའི་དངུལ་རྩའི་ལས་དོན་ཡག་པོར་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཏན་ཏིག་ངང་ཆེ་རུ་གཏོང་བ། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་དང་ཏན་ཏིག་ནུས་ལྡན་གྱི་བྱ་བ་སྒྲུབ་སྟངས་ལ་བརྟེན་ནས་ཀྲུང་དབྱང་དངུལ་རྩའི་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་ཞིག་མགྱོགས་མྱུར་ངང་བསྐྲུན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྔར་ལས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བ་དང་འདེགས་སྐྱོར་བྱེད་དགོས།
ཚོགས་འདུའི་ཐོག་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གཙོ་གནད་ལས་འགན་ཁག་བགོས་ཀྱི་ཇུས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་དངུལ་རྩའི་སྤུས་ཚད་ཇེ་མཐོར་གཏོང་བར་ཤུགས་བསྣན་ཏེ། དངུལ་ལོར་གྱི་སྲིད་ཇུས་བརྟན་པོ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་འཐབ་ཇུས་གལ་ཆེན་དང་གཙོ་གནད་ཁྱབ་ཁོངས། ཉམས་ཞན་ལྷུ་ཚིགས་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཚན་རྩལ་དངུལ་རྩ་དང་ལྗང་མདོག་དངུལ་རྩ། ཡོངས་ཕན་དངུལ་རྩ། རྒན་གསོ་དངུལ་རྩ། གྲངས་འཛིན་དངུལ་རྩ་བཅས་རིགས་ཆེན་པོ་ལྔ་བཟང་བོར་སྒྲུབ་པར་དམ་དུ་དམིགས་ཏེ། བྱེ་བྲག་གི་སྲིད་ཇུས་དང་བྱ་བའི་བྱེད་ཐབས་ཡག་པོ་འདོན་པར་ཞིབ་འཇུག་དམ་འཛིན་བྱས་ནས། གོ་སྐབས་དང་མྱུར་ཚད། ནུས་ཤུགས་བཅས་སྟངས་འཛིན་ཡག་པོ་བྱེད་པ་དང་། དངུལ་རྩའི་ལས་རིགས་སྒོ་འབྱེད་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ། དངུལ་རྩའི་ལས་རིགས་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། དངུལ་རྩའི་ཉེན་ཁ་ཐག་གཅོད་བྱེད་པའི་འགན་འཁྲི་གཟབ་ནན་དུ་གཏོང་བ། སྡེ་ཚན་གྱི་མཐུན་སྦྱོར་དང་གོང་འོག་མཉམ་འགུལ་ལ་ཤུགས་སྣོན་པ། ཉེན་ཁ་སེལ་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་བྱེད་དགོས་པར་མ་ཟད། འགོ་ཁུངས་ནས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ།ཉེན་ཁ་སྔོན་འགོག་དང་། ཉེན་ཟོན་སྔོན་བརྡ། ཐག་གཅོད་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཉེན་ཁ་སྔོན་འགོག་དང་ཉེན་ཁ་མེད་པར་བྱེད་པའི་ལས་འགན་ཐུན་མོང་ཐོག་དམ་འཛིན་ཡག་པོ་བྱེད་དགོས། ཏང་གིས་དངུལ་རྩའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དངུལ་རྩའི་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱེད་པ། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ། ལས་བགོས་འཆར་གཞིའི་བླང་བྱ་གཞིར་བཟུང་ནས་རང་ཉིད་ཀྱི་འགན་འཁྲི་གཙང་སྒྲུབ་ནན་མོ་བྱེད་པ། ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
ཧི་ལིས་ཧྥིན་དང་ཝུའུ་ཀྲིན་ལུང་ཚོགས་འདུར་ཞུགས།