ཏེན་ཞུའེ་ཞང་དང་ཨུ་རུ་སིའི་ཙུང་ལི་གཞོན་པ་དང་པོ་པའེ་ལོ་ཝུའུ་སོ་ཧྥུའུ་གཉིས་ཀྱིས་མཉམ་དུ་ཀྲུང་ཨུའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པར་མགོ་འཛིན་གནང་།
2023.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས20ཉིན་པེ་ཅིང་དུ། ཨུ་རུ་སིའི་ཙུང་ལི་གཞོན་པ་དང་པོ་པའེ་ལོ་ཝུའུ་སོ་ཧྥུའུ་དང་མཉམ་དུ་ཀྲུང་ཨུའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པར་མགོ་འཛིན་གནང་།

ཟླ11པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ། ཨུ་རུ་སིའི་ཙུང་ལི་གཞོན་པ་དང་པོ་པའེ་ལོ་ཝུའུ་སོ་ཧྥུའུ་དང་མཉམ་དུ་ཀྲུང་ཨུའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པར་མགོ་འཛིན་གནང་།

ཏེན་ཞུའེ་ཞང་གིས་བསྟན་དོན། ད་ལོར། ཀྲུང་ཨུའི་དབུ་འཛིན་གྱིས་ཐེངས་གཉིས་ལ་ཐུག་འཕྲད་བྱས་ནས། རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་རེ་འདུན་བཀོད་པ་རེད། ཀྲུང་གོ་ཕྱོགས་ཨུ་རུ་སི་ཕྱོགས་དང་མཉམ་དུ་བསྐྱོད་རྒྱུར་འཐད་པ་ཡིན། རྒྱལ་ཁབ་གཉིས་ཀྱི་དབུ་འཛིན་བར་བྱུང་བའི་ངོས་འཛིན་གལ་ཆེན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པར་མ་ཟད། ཀྲུང་ཨུའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གཅིག་འདོམས་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་དངུལ་གཏོང་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ་དང་། མཉམ་ལས་ཀྱི་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་ནས། རྒྱུན་ཆད་མེད་པར་ཀྲུང་ཨུའི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་བསྐྲུན་དགོས།

ཏེན་ཞུའེ་ཞང་གིས་ཀྲུང་ཨུའི་དངུལ་གཏོང་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་ཐད་ནས་བསམ་ཚུལ་བཞི་བཏོན། གཅིག་ནི་དངུལ་གཏོང་མཉམ་ལས་ཀྱི་མདུན་ལྗོངས་གསར་བར་མཉམ་དུ་འཆར་འགོད་བྱས་ཏེ། འཆར་འགོད་སྣེ་ཁྲིད་ཤུགས་དྲག་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་དངུལ་གཏོང་མཉམ་ལས་གཏིང་ཟབ་ཏུ་འགྲོ་བའི་ཁ་ཕྱོགས་འདོན་སྤྲོད་བྱེད་དགོས། གཉིས་ནི་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་རྒྱུན་ཆད་མེད་པའི་འཕེལ་རིམ་གསར་བ་ལོན་པར་མཉམ་དུ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལ་རྒྱབ་སྐྱོར་དང་མཛུབ་སྟོན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། མོས་འདུན་ཡོད་པ་དང་ཆ་རྐྱེན་ཡོད་པ། ནུས་པ་ཡོད་པའི་ཁེ་ལས་ཀྱིས་མཉམ་ལས་ལ་ཤུགས་སྣོན་པར་སྐུལ་མ་གཏོང་དགོས། གསུམ་ནི་མཉམ་དུ་ས་གནས་མཉམ་ལས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱས་ཏེ། ཁྱབ་ཁོངས་གསབ་རེས་ལ་སྐུལ་འདེད་གཏོང་བ་དང་། ཉོ་ཚོང་དང་དངུལ་གཏོང་། རྒྱུ་ལམ་དང་སྟེགས་བུ་འཛུགས་སྐྲུན་བྱེད་པར་གཅིག་འདོམས་བྱེད་པ། ཞིང་ལས་མཉམ་ལས་དཔེ་སྟོན་ཁུལ་དང་། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས། བཞི་ནི་མཉམ་དུ་ཡུན་རིང་མཉམ་ལས་ཀྱི་རེ་འདུན་གསར་བ་བཏོད་དེ། མུ་མཐུད་དུ་སྦྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ནས། ཕྱོགས་གཉིས་ཀྱི་དངུལ་གཏོང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

པའེ་ལོ་ཝུའུ་སོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོའི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་བྱུང་མྱོང་མེད་པའི་ཆུ་ཚད་མཐོན་པོར་སླེབས་ཡོད། ཨུ་རུ་སི་ཕྱོགས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དབུ་འཛིན་བར་བྱུང་བའི་ངོས་འཛིན་གལ་ཆེན་དངོས་འབེབས་བྱེད་རྒྱུར་འཐད་པ་ཡིན་ལ། འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ། ཨུ་རུ་སི་དང་ཀྲུང་གོའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།  ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱིས་གྲུབ་འབྲས་གང་མང་ལོན་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་རང་སོར་འཕེལ་རྒྱས་དར་རྒྱས་འགྲོ་བར་ཤུགས་འདོན་རྒྱུ་ཡིན་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།