ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། ཞིང་ཆེན་རིམ་པའི་སྤྱིའི་ནགས་དཔོན་དང་རྩྭ་དཔོན་གྱི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནགས་དཔོན་ལམ་ལུགས་བྱ་བའི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་དང་དངོས་འབེབས་ཟབ་མོ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་བྱ་བར་སྤྱི་བསྡོམས་དང་། གོ་རིམ་རྗེས་མའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་སྤྱིའི་ནགས་དཔོན་དང་རྩྭ་དཔོན་ཁྲིན་ཀང་གིས་གཏམ་བཤད། ཧྲིན་ཀྲང་། ཞིང་ཆེན་སྤྱིའི་ནགས་དཔོན་དང་རྩྭ་དཔོན་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།
གྲོས་ཚོགས་ལས་བསྟན་དོན། ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་ཁྱབ་གདལ་དུ་བཏང་བའི་ཚུན་ལ། ཞིང་ཆེན་ཡོངས་སུ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་ལྔའི་ནགས་དཔོན་རྩྭ་དཔོན་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་དང་འཁོར་སྐྱོད་རྐྱེན་སྲོལ་བཙུགས་ཏེ། སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཁོངས་ལྗང་སྒྱུར་དང་། ནགས་རྩྭ་སྲུང་སྐྱོབ། རྒྱལ་ཁབ་སྤྱི་གླིང་བསྐྲུན་པ། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པ། མེ་སྐྱོན་དང་གནོད་འབུ་འགོག་པ། ནགས་རྩྭའི་སྒྲིག་སྲོལ་བཅོས་སྒྱུར་དང་གཞི་རིམ་རྨང་གཞིའི་འཛུགས་སྐྲུན་སོགས་ཀྱི་བྱ་བར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པས། ནགས་རྩྭའི་ལས་དོན་གོང་འཕེལ་ཆེན་པོ་བྱུང་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་བཅངས་ཏེ། ནགས་རྩྭའི་ལས་དོན་དེ་སྐྱེ་ཁམས་མ་ལག་དོ་སྙོམ་ཡོང་བར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་རྨང་གཞི་རང་བཞིན་གྱི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས་དངོས་སྒྲུབ་དམ་འཛིན་བྱེད་དགོས། རིམ་པ་སོ་སོའི་ནགས་དཔོན་དང་རྩྭ་དཔོན་གྱིས་འགན་འཁྲི་ཕྲག་ཏུ་བླངས་ནས། སྣེ་ཁྲིད་ནས་དམ་འཛིན་བྱེད་པའི་སྤྱིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ནགས་རྩྭའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་བའི་འགན་འཁྲི་གཙོ་བོ་དངོས་འབེབས་ཡག་པོ་བྱེད་པ། རིམ་པ་གཅིག་གིས་རིམ་པ་གཅིག་དམ་འཛིན་བྱེད་པ་དང་། རིམ་པ་བཞིན་དམ་འཛིན་གྱིས་དངོས་འབེབས་བྱེད་པ་བཅས་བྱས་ཏེ། གཞི་རིམ་གྱི་ལས་དོན་དངོས་འབེབས་ཞིབ་ཚགས་ཡོང་བར་སྐུལ་འདེད་བཏང་ནས། ནགས་དཔོན་རྩྭ་དཔོན་ལམ་ལུགས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། འགན་འཁྲིའི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། བྱ་བའི་བྱེད་ཕྱོགས་ལེགས་སྒྱུར་བྱེད་དགོས། བྱེ་བྲག་གི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་འགན་སྒྲུབ་མཐའ་འཁྱོལ་བྱེད་པ་དང་། ནུས་པ་ཇེ་མཐོར་བཏང་ནས་བྱ་བར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་དགོས། འབད་པ་ཆེན་པོས་སྐྱེ་ཁམས་ཕན་ནུས་དང་། དཔལ་འབྱོར་ཕན་ནུས། སྤྱི་ཚོགས་ཕན་ནུས་བཅས་གཅིག་གྱུར་བྱེད་པ་མངོན་འགྱུར་བྱེད་དགོས། སྐྱེ་ཁམས་དོ་སྲུང་པའི་དཔུང་ཁག་དོ་དམ་དང་བཀོལ་སྤྱོད་གང་ལེགས་བྱས་ཏེ། འགན་འཁྲི་སྔར་ལས་གསལ་བོ་དང་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་དགོས། མི་སྣ་ལེགས་སྒྲིག་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སྔོན་འདེམས་ལེགས་སྐྱོང་བྱ་བ་རྒྱ་ཆེར་སྤེལ་བ་དང་། སྐྱེ་ཁམས་དོ་སྲུང་པའི་བྱ་བའི་བརྩོན་སེམས་བསྐྱེད་ནས། སྐྱེ་ཁམས་དཔལ་ཡོན་དྲིལ་སྒྲོག་དང་། དགུན་དཔྱིད་དུས་ཀྱི་མེ་འགོག་སོགས་བྱ་བ་ཡག་པོར་སྒྲུབ་དགོས། སྡེ་ཁག་སོ་སོས་མཐུན་སྦྱོར་རོགས་ལས་བྱེད་པར་ཤུགས་བསྣན་ཏེ། ཤུགས་འདོན་ས་གཅིག་པ་དང་། གཙོ་གནད་ལ་རྒོལ་བ། མཉམ་འཛིན་དོ་དམ་བཅས་བྱེད་དགོས། ནགས་དཔོན་རྩྭ་དཔོན་ལམ་ལུགས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དཀའ་གནད་རང་འགུལ་གྱིས་ཐག་གཅོད་བྱས་ནས། ནགས་དཔོན་བྱ་བའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ནུས་ལྡན་གྱི་བྱེད་ཐབས་བསྡུ་ལེན་བྱེད་པ། མི་འདང་ས་དང་ཉམ་ཞན་ཁ་གསབ་བྱས་ཏེ། ལས་དོན་སོ་སོར་གྲུབ་འབྲས་ངོ་མ་ལེན་དགོས། ལམ་ལུགས་རྐྱེན་སྲོལ་འཛུགས་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཕན་ཐོགས་པར་བྱེད་དགོས། ལམ་ལུགས་ལག་བསྟར་ཤུགས་དྲག་ཏུ་གཏོང་བ་དང་། འབད་བརྩོན་ཆེན་པོས་ཏང་སྲིད་ཀྱིས་འགན་མཉམ་ཁུར་དང་། ཁོངས་གཏོགས་ས་ཆས་འགན་ཁུར་བ། སྡེ་ཁག་མཉམ་ལས་དང་། མགོ་ཁུངས་བཅོས་སྐྱོང་། ཡོངས་ཁེབས་བཅས་ཀྱི་ཡུན་ཕན་རྐྱེན་སྲོལ་འཛུགས་དགོས།
གྲོས་ཚོགས་སྟེང་། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ཞིང་ཆེན་ཡོངས་ཀྱི་ནགས་དཔོན་རྩྭ་དཔོན་ལམ་ལུགས་བྱ་བའི་འཕེལ་རིམ་གནས་ཚུལ་ཁྱབ་བསྒྲགས་བྱས། ཟི་ལིང་གྲོང་ཁྱེར་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད། གྲོང་ཁྱེར་དང་ཁུལ་གཞན་པས་ཡིག་ཐོག་སྙན་ཞུ་བྱས།
ཞིང་ཆེན་གྱི་མགོ་ཁྲིད་པ་ཚེ་རིང་ཐར་དང་། ཝང་ལིན་ཧུའུ། ཀྲུའུ་ཞང་ཧྥིན་བཅས་གྲོས་ཚོགས་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།