ཉེ་ལམ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་དབྱང་ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་གསུམ་པས་ཡུས་ཧྲུའུ་ཁུལ་ལ་གཅིག་བསྡུས་ཀྱིས་གནས་ཚུལ་ཕྱིར་ལྡོག་བྱེད་པའི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་གསུམ་པའི་གནས་ཚུལ་སྙན་ཞུར་ཉན་སྐབས་ཀྱི་གཏམ་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་པ་དང་ཞིང་ཆེན་ཏང་ཨུའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་སྲུང་སྐྱོབ་བྱེད་པའི་ཆེད་དོན་སྐོར་ཞིབ་ཚན་ཁག་གི་ཚན་གཙོས་སོ་སོར་སྐོར་ཞིབ་བསམ་འཆར་ཕྱིར་ལྡོག་བྱས་ལ། ཝང་དབྱང་གིས་འབུར་ཐོན་གནད་དོན་གྱི་དག་ཐེར་དོན་འཁྱོལ་དམ་འཛིན་བྱེད་པར་བླང་བྱ་གསལ་བོ་བཏོན།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཡུས་ཧྲུའུ་ཡི་ཁུལ་དང་རྫོང་། གྲོང་ཁྱེར་བཅས་ཀྱི་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་དག་ཐེར་ལེགས་བཅོས་ཐད་ཀྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་མཐོན་པོས་སྐོར་ཞིབ་དག་ཐེར་ལེགས་བཅོས་ལས་དོན་དམ་འཛིན་བཟང་བོ་བྱེད་དགོས་ལ། ཞིང་ཆེན་ཏང་ཨུའི་ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་དགོས་པ་བཅས་ཀྱི་བཀོད་སྒྲིག་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔོན་རིགས་ནན་སྐྱོང་གི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འབུར་ཐོན་གནད་དོན་དག་ཐེར་ལེགས་བཅོས་ནན་མོ་བྱེད་པ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཁྲོད་ཀྱི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་འོས་འཚམ་ནུས་ཡོད་སྒོས་ཐག་གཅོད་པ་བཅས་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ཡོད་སྒོས་སྦྲེལ་མཐུད་བྱེད་རྒྱུ་དམ་འཛིན་བྱེད་དགོས། ཏང་ཨུའི་ཧྲུའུ་ཅི་ནི་སྐོར་ཞིབ་དག་ཐེར་ལེགས་བཅོས་ཀྱི་འགན་ཁུར་མི་སྣ་གཙོ་བོ་ཡིན་པས། སྐོར་ཞིབ་དག་ཐེར་ལེགས་བཅོས་ལ་སྤྱིའི་འགན་ཁུར་བ་དང་སྣེ་ཁྲིད་དེ་གཙོ་གནད་དཀའ་གནད་ཐག་གཅོད་དགོས་ལ། དག་ཐེར་ལེགས་བཅོས་ཀྱི་ཕན་ནུས་དངོས་ལ་བརྟེན་ནས་ཡུས་ཧྲུའུ་ཡི་བྱ་བ་སོ་སོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས།
ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར། གཅིག་བསྡུས་ཕྱིར་ལྡོག་གྲོས་ཚོགས་ཀྱི་རྗེས་སུ། ཝང་དབྱང་གིས་སྐོར་ཞིབ་ཁྲོད་རྙེད་པའི་འབུར་ཐོན་གནད་དོན་ལ་དམིགས་ནས་ཡུས་ཧྲུའུ་ཁུལ་ཏང་ཨུ་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་གཙོ་བོ་དང་དུས་བཅད་གླེང་མོལ་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།