ཟླ11པའི་ཚེས21ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨུ་རུ་སིའི་རྒྱལ་ཁབ་ཏུའུ་མ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཝོ་ལའོ་ཅིན་ལ་གྲོས་མོལ་གནང་།
ཟླ11པའི་ཚེས21ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨུ་རུ་སིའི་རྒྱལ་ཁབ་ཏུའུ་མ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཝོ་ལའོ་ཅིན་ལ་གྲོས་མོལ་གནང་།
ཀྲའོ་ལི་ཅི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་ཀྱི་འཐབ་ཇུས་སྣེ་འདོམས་འོག་ཏུ། ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བས། ཐོག་མཐའ་བར་གསུམ་དུ་ཡང་དག་པའི་མདུན་སྐྱོད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཇེ་བརྟན་དུ་གཏོང་བ། དངོས་སྒྲུབ་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་སྤེལ་བ། མི་གཞུང་རིག་གནས་དང་ས་གནས་ཀྱི་བརྗེ་རེས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྣམ་པ་གསར་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་ཡི་དཔེ་སྟོན་བསྐྲུན་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་གཏན་འཁེལ་བྱས་པའི། “ཕན་ཚུན་བར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་དགོས་པ་བཞིའི”རྩ་དོན་གལ་ཆེན་བརྩི་སྲུང་ནན་མོ་བྱས་ཏེ། མཉམ་དུ་ལག་གདང་སྦྲེལ་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་སྔར་ལས་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་ཟམ་མི་ཆད་པར་བསྐྲུན་ཏེ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་དགོས། ཕྱོགས་གཉིས་ཀས་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ཕན་ཚུན་བར་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་གང་མང་ཐོབ་པར་བྱས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་གསེར་གྱོམ་རྒྱལ་ཁབ་སོགས་མཉམ་ལས་ལམ་སྲོལ་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཀྲའོ་ལི་ཅི་ཡིས་ཀྲུང་གོ་དང་ཨུ་རུ་སིའི་ཁྲིམས་འཛུགས་སྒྲིག་གཞིའི་བར་འགྲོ་འོང་བྱེད་པའི་ཆུ་ཚད་མཐོན་པོ་ནི། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་དམིགས་བསལ་རང་བཞིན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་ཀས་བཙུགས་པའི་ཀྲུང་གོ་དང་ཨུ་རུ་སིའི་གྲོས་ཚོགས་མཉམ་ལས་ཨུ་ཡོན་ལྷན་ཁང་ནི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་མཛའ་བརྩེ་རྒྱུན་འཛིན་བྱེད་པ་བཅས་ཀྱི་སྲ་ཞིང་བརྟན་པའི་ལས་སྟེགས་ནུས་ལྡན་ཞིག་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཏུ་བརྩིས་ནས། ཕན་ཚུན་བརྗེ་རེས་དང་འགྲོ་འོང་བྱེད་ཚད་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ནས་མདུན་དུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཝོ་ལའོ་ཅིན་གྱིས་ཨུ་རུ་སིའི་རྒྱལ་ཁབ་ཏུའུ་མ་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཁྲིམས་འཛུགས་སོགས་ཀྱི་རྣམ་པ་བརྒྱུད་དེ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ནས། ཨུ་རུ་སི་དང་ཀྲུང་གོའི་གྲོས་ཚོགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་བཅའ་ཁྲིམས་ཀྱི་འགན་ལེན་འདོན་སྤྲོད་བྱེད་རྒྱུ་དང་། ཨུ་རུ་སིའི་གྲོས་མི་དང་ཀྲུང་གོའི་དམངས་ཆེན་འཐུས་མིའི་བར་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་བར་ཕན་ཚུན་རྒྱུས་ལོན་བྱེད་པ་དང་ཕན་ཚུན་བར་གྱི་མཛའ་བརྩེ་ཇེ་དམ་དུ་བཏང་ནས། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་དགོས་ཞེས་བསྟན།
ཕིན་ཆིན་ཧྭ་གྲོས་མོལ་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།