ཟླ11པའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་སའེ་དབྱི་ཏའོ་ཧྥུའུ་ལ་མཇལ་འཕྲད་གནང་།
ཟླ11པའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་སའེ་དབྱི་ཏའོ་ཧྥུའུ་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གཉིས་ཀ་འཛམ་གླིང་གི་ཤེས་རིག་དར་རྒྱས་ཆེ་བའི་གནའ་བོའི་རྒྱལ་ཁབ་ཡིན་པ་དང་། གནའ་བོའི་དར་གོས་ཚོང་ལམ་ནི་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱིས་ལོ་ངོ་ཉིས་སྟོང་ལྷག་རིང་མཛའ་མཐུན་འགྲོ་འོང་བྱས་པའི་བདེན་དཔང་ལྟ་བུ་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སོ་གཅིག་འགོར་བའི་རིང་ལ། ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བར་འདྲ་མཉམ་གྱི་ལྟ་སྟངས་བཟུང་བ་དང་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་བདེ་ཐང་། བརྟན་བརླིང་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་འཐབ་ཇུས་སྣེ་ཁྲིད་དང་སྐུ་དངོས་སུ་སྐུལ་འདེད་བཏང་བར་བརྟེན། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་རབས་གསར་པར་སླེབས་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་མགྱོགས་མྱུར་ངང་འཕེལ་ཏེ། རྒྱལ་ཁབ་གཉིས་ཀ་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྒུལ་ཤུགས་གསར་པ་བསྣན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་གང་ལེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་ཆུ་ཚད་མཐོ་བའི་ཆབ་སྲིད་ཀྱི་འབྲེལ་བ་དེ་ཏན་ཏན་ཏིག་ཏིག་གི་གྲུབ་འབྲས་སུ་བསྒྱུར་གང་ཐུབ་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་དངོས་བསྐྲུན་འདོད་ཡོད་ཅེས་གསུངས།
སའེ་དབྱི་ཏའོ་ཧྥུའུ་ཡིས་ཝུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆུ་ཚད་མཐོན་པོར་སླེབས་ཡོད། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་འདི་ཉིད་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཟླ་གྲོགས་གལ་ཆེན་ཞིག་ཏུ་བརྩིས་ཡོད། མུ་མཐུད་དུ་ཀྲུང་གོའི་བར་གྱི་འཐབ་ཇུས་གླེང་མོལ་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།