ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་དུ་ལྟ་ཞིབ་བྱེད་པའི་སྐུལ་སློང་གྲོས་ཚོགས་ཟི་ལིང་དུ་བསྡུས།
2023.11.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་དུ་ལྟ་ཞིབ་བྱེད་པའི་སྐུལ་སློང་གྲོས་ཚོགས་ཟི་ལིང་དུ་བསྡུས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དང་དངོས་འབེབས་ཟབ་མོ་བྱེད་ཆེད། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ལྟར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པ་ཉེ་ལམ་མཚོ་སྔོན་དུ་ཐོན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་སྤེལ། ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན། ལྟ་ཞིབ་བཅའ་སྡོད་སྐུལ་སློང་གྲོས་ཚོགས་ཟི་ལིང་དུ་བསྡུས། ལྟ་ཞིབ་ཚན་ཆུང་གི་ཚན་གཙོ་ལིའུ་ཝེ་དང་། ཚན་གཙོ་གཞོན་པ་ཧུའུ་ཝེ་ལའེ་གཉིས་ཀྱིས་སོ་སོར་ལྟ་ཞིབ་བྱ་བ་ཡག་པོར་བསྒྲུབ་པའི་སྐོར་ནས་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་བཅའ་སྡོད་སྐུལ་སློང་བྱས།

ལིའུ་ཝེ་ཡིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་གནང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིགགཅིག་གྱུར་གྱིས་ལག་བསྟར་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བར་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་དུ་བཅུག ད་ལོའི་ཟླ་བདུན་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་སྟེ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་འཛམ་གླིང་གིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཆེན་པོ་བླངས་པར་ཕྱོགས་ཡོངས་ནས་སྤྱི་བསྡོམས་དང་། སྐྱོད་ལམ་གསར་བའི་སྟེང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་ནས་ཐག་གཅོད་དགོས་པའི་འབྲེལ་བ་གལ་ཆེན་ལ་རྒྱས་བཤད་ཟབ་མོ་མཛད་པར་མ་ཟད། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ལས་འགན་མ་ལག་ལྡན་པར་བཀོད་སྒྲིག་གནང་ཞིང་། ཏང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་དགོས་པ་གསལ་བོར་བསྟན་ནས། ང་ཚོའི་ཏང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་སྔར་ལས་ཇེ་ཟབ་དང་རྒྱ་བསྐྱེད་བཏང་། ལག་ལེན་གྱི་རྨང་གཞིའི་སྟེང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་སྟེ། ཏང་ཀྲུང་དབྱང་གིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ངེས་ཤུགས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བློ་རྩ་བརྟན་པོ་ཡོངས་སུ་མངོན་པར་བྱས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་འཆར་འགོད་དང་དངོས་སུ་སྐུལ་འདེད་གནང་བའི་གསར་གཏོད་ཀྱི་རྐྱེན་སྲོལ་གལ་ཆེན་ཞིག་དང་བཅོས་སྒྱུར་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དངོས་འབེབས་བྱེད་པའི་བྱེད་ཐབས་རྣལ་མ་ཞིག་དང་ལམ་ལུགས་འགན་སྲུང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྟ་ཞིབ་ཀྱི་གནད་འགག་གོ་རིམ་རེ་རེ་དང་། གནད་འགག་དུས་སྐབས་རེ་རེར། ཁ་ཕྱོགས་གཏན་འཁེལ་བྱས་ནས་མདུན་སྐྱོད་ལ་སྣེ་ཁྲིད་བྱས་ཤིང་། མཆད་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཏོན་པར་མ་ཟད། ལྟ་ཞིབ་བྱ་བས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། གཞི་གདངས་ནན་མོ་རྒྱུན་འཁྱོངས་བྱས་ཏེ། ལྟ་ཞིབ་ལས་རྙེད་པའི་གནད་དོན་དག་ཐེར་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། ལྟ་ཞིབ་ཀྱི་རྣོ་གྲི་ལྟ་བུའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་དགོས་པ་ནན་བཤད་གནང་ཡོད། ཙུང་ལི་ལི་ཆང་དང་། ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཀྱང་ཐེངས་མང་ལ་ལྟ་ཞིབ་བྱ་བའི་ཐད་བླང་བྱ་གསལ་བོ་བཏོན་ཡོད། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་བཏང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆད་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ་དང་། རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་བཀོད་སྒྲིག་དངོས་འབེབས་བྱེད་དགོས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་ལ་དམིགས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་ལྷད་མེད་ཚུལ་སྒྱུར་ལ་སྐུལ་འདེད་གང་ལེགས་གཏོང་དགོས་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་སྤུས་ཚད་མངོན་གསལ་གྱི་ལེགས་བཅོས་བྱེད་པ་དང་། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ཐད་ནས་ཁྱད་འཕགས་ཀྱི་གྲུབ་འབྲས་ལོན་པར་སྐུལ་འདེད་གཏོང་དགོས།

ལིའུ་ཝེ་ཡིས་ནན་གྱིས་བསྟན་དོན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་ཡག་པོར་སྒྲུབ་དགོས་ན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དང་དངོས་འབེབས་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས་ཤིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དངོས་འབེབས་གནས་ཚུལ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ། མ་ལག་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། གནད་དོན་ཁྲིད་ཕྱོགས་དང་གཞི་གདངས་ནན་མོ་རྒྱུན་འཁྱོངས་བྱེད་དགོས་ལ། གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པ། ཁྲིམས་ལ་བརྟེན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་། དམངས་ཚིས་འགན་སྲུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་ལ་གཅིག་འདོམས་བྱེད་དགོས། ལྟ་ཞིབ་བྱ་བས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དངོས་འབེབས་བྱེད་པའི་གནས་ཚུལ་དང་།  འཕེལ་རྒྱས་རྣམ་པ་ལྷད་མེད་དུ་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་སྐུལ་འདེད་བཏང་ནས།  མཐོ་བ་གཉིས་དང་དམའ་བ་གཅིག་གི་རྣམ་གྲངས་གྲ་སྒྲིག་མེད་པར་ལག་བསྟར་བྱེད་པ་དང་རྗེས་ལུས་ཐོན་ནུས་འདོར་བའི་གནས་ཚུལ་གཏན་འགོག་བྱེད་པ།          ཁུལ་ཁོངས་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་པའི་ཁྲོད་ཀྱི་སྐྱེ་ཁམས་གནད་དོན། ཚབས་ཆེ་བའི་སྐྱེ་ཁམས་གཏོར་བརླག་དང་ཁོར་ཡུག་འབག་བཙོག སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་དང་ཐག་གཅོད་གནས་ཚུལ། ཁོར་ཡུག་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་འཁོར་སྐྱོད་གནས་ཚུལ། སྔོན་གྱི་ལྟ་ཞིབ་ལས་རྙེད་པའི་གནད་དོན་དག་ཐེར་གནས་ཚུལ། མི་དམངས་མང་ཚོགས་ཀྱིས་བཏོན་པའི་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཏང་སྲིད་འགན་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས་ཀྱི་ལམ་ལུགས་དངོས་འབེབས་གནས་ཚུལ་སོགས་དོ་སྣང་བྱེད་ཡུལ་གཙོ་བོར་བྱེད་དགོས།

ཁྲིན་ཀང་གིས་བསྟན་དོན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་སྤེལ་བ་ནི། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་ཉམས་ལེན་ཞིག་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་སྐུལ་འདེད་ནུས་ལྡན་ཞིག་ཀྱང་ཡིན། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་སྟེ། ལྟ་ཞིབ་ཀྱི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན་ལ་ངེས་ཤེས་ཟབ་མོ་བསྐྱེད་པ་དང་། མཚོ་སྔོན་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དམིགས་བསལ་རང་བཞིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དང་དངོས་འབེབས་བྱེད་རྒྱུ་དེ་གཏན་ཕབ་གཉིས་ལ་སྲུང་སྐྱོབ་དང་། སྲུང་སྐྱོང་གཉིས་སྒྲུབ་པའི་ཉམས་ལེན་གལ་ཆེན་ཞིག་ཏུ་བརྩི་དགོས། ནུས་པ་ཡོད་ཚད་ཀྱིས་ལྟ་ཞིབ་བྱ་བར་རམ་འདེགས་བྱས་ཏེ། མྱུར་ཚད་ཡོད་པའི་རྐྱེན་སྲོལ་བཙུགས་ནས། བཀོད་སྒྲིག་ལྟར་རྒྱུ་ཆ་འདོན་སྤྲོད་དང་། གནས་ཚུལ་མཚམས་སྦྱོར་། ཆ་རྐྱེན་འགན་སྲུང་སོགས་ཀྱི་བྱ་བ་ཡག་པོར་སྒྲུབ་ནས། ལྟ་ཞིབ་བྱ་བ་བདེ་ལེགས་དང་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་དགོས། དག་ཐེར་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཐུབ་པར་བྱས་ཏེ། ལྟ་ཞིབ་ཚན་ཆུང་གི་ཕྱིར་ལྡོག་གནད་དོན་ཡོངས་སུ་དང་ལེན་དང་། རེའུ་མིག་ལྟར་བསྡུ་ལེན་བྱས་ཏེ། གནད་དོན་དག་ཐེར་བྱས་པ་བརྒྱུད། རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཡང་དག་པའི་སྲིད་འབྲས་ལྟ་བ་བཙུགས་ནས། ནན་ཏན་སྒོས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་སྣ་ཚོགས་ཡག་པོར་སྒྲུབ་སྟེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་རྒྱུགས་ལན་ཡིད་ཚིམ་པ་ཞིག་སྤྲོད་དགོས།

གྲོས་ཚོགས་སྟེང་། ཧུའུ་ཝེ་ལའེ་ཡིས་ལྟ་ཞིབ་རམ་འདེགས་བྱ་བ་ལེགས་པོར་སྒྲུབ་ནས། ལྟ་ཞིབ་བྱེད་ཞོར་དག་ཐེར་བྱེད་པ་དང་། ཆ་འཕྲིན་ཡོངས་བསྒྲགས་བྱེད་པ། གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པ། ཁྲིམས་ལྟར་ལྟ་ཞིབ་བྱེད་པ་སོགས་ཀྱི་བྱ་བར་བླང་བྱ་བཏོན་པར་མ་ཟད། ལྟ་ཞིབ་ཚན་ཆུང་གི་ཁོངས་མི་ཡོངས་ཀྱིས་སྒྲིག་ཁྲིམས་བླང་བྱ་ལག་བསྟར་ནན་མོ་བྱེད་པ་དང་། ལྟ་ཞིབ་བྱེད་ཡུལ་དང་སྤྱི་ཚོགས་ལྟ་སྐུལ་དང་ལེན་བྱེད་པའི་རྣམ་འགྱུར་བསྟན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གི་ཁོངས་མི་ཡོངས་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་མི་སྣ། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་སྲིད་མགོ་ཁྲིད་བློ་མཐུན་བརྙན་ལམ་བརྒྱུད་ནས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

བྱ་བའི་བཀོད་སྒྲིག་ལྟར་ན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པ་བཅའ་སྡོད་བྱེད་པའི་དུས་ཡུན་ཟླ་གཅིག་རེད། བཅའ་སྡོད་དུས་སྐབས་སུ་ཆེད་དོན་ལས་རེས་ཁ་པར་བཀོད་སྒྲིག་བྱས་ཡོད། ཁ་པར་ཨང་གྲངས་ནི09713895065རེད། ཆེད་དོན་སྦྲགས་སྲིད་ཡིག་སྒམ་ནི། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་སྦྲགས་སྲིད་ཡིག་སྒམA186པ་རེད། ལྟ་ཞིབ་ཚན་ཆུང་གིས་ཞུ་གཏུག་ཁ་པར་དང་ལེན་བྱེད་པའི་དུས་ཚོད་ནི། ཉིན་རེའི་སྔ་དྲོའི་དུས་ཚོད་བརྒྱད་ནས་དགོང་མོའི་དུས་ཚོད་བརྒྱད་བར་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་དང་ལྟ་ཞིབ་ཚན་ཆུང་གི་འགན་འཁྲི་ལྟར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་གཙོ་བོར་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ཀྱི་འཕྲིན་ཡིག་དང་ཁ་པར་གྱི་ཞུ་གཏུག་དང་ལེན་བྱ་རྒྱུ་ཡིན་ལ། དང་ལེན་ཁྱབ་ཁོངས་མིན་པའི་འཕྲིན་བཅར་ཞུ་གཏུག་གནད་དོན་ཡོད་ན། གཏན་ཁེལ་ལྟར་ལྟ་ཞིབ་བྱེད་སར་སྤྲད་ནས་ཐག་གཅོད་དུ་འཇུག་རྒྱུ་རེད།

                                                                                                      རིག་འཛིན་སྒྲོལ་མས་བསྒྱུར།