ཞི་ཅིན་ཕིང་གིས་ཝུ་ར་ཀུའེ་ཡི་ཙུང་ཐུང་ལཱ་ཁ་ལེར་གྲོས་མོལ་གནང་།
2023.11.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ11པའི་ཚེས22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཝུ་ར་ཀུའེ་ཡི་ཙུང་ཐུང་ལཱ་ཁ་ལེ་དང་གྲོས་མོལ་གནང་།

ཟླ11པའི་ཚེས22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཝུ་ར་ཀུའེ་ཡི་ཙུང་ཐུང་ལཱ་ཁ་ལེ་དང་གྲོས་མོལ་གནང་།

རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཀྲུང་གོ་དང་ཝུ་ར་ཀུའེ་ཡི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་དངོས་སུ་རིམ་སྤོར་བྱས་པ་ཁྱབ་བསྒྲགས་གནང་།

ཞི་ཅིན་ཕིང་གིས2023ལོ་ནི་ཀྲུང་གོ་དང་ཝུ་ར་ཀུའེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ35འཁོར་བའི་ལོ་དང་ཝུ་ར་ཀུའེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་ཞུགས་ནས་ལོ5འཁོར་བའི་ལོ་ཡིན། འབྲེལ་བ་བཙུགས་ནས་ལོ35འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། མཉམ་ལས་གཉིས་ཕན་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པར་བརྟེན། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། ལྷག་པར་དུ་པྲོག་གསར་རིམས་ནད་ཀྱི་མདུན་དུ། རྒྱལ་ཁབ་གཉིས་ཀས་ཕན་ཚུན་རོགས་རེས་དང་དཔུང་པ་མཉམ་གཤིས་ཀྱིས་རིམས་ནད་འགོག་བཅོས་བྱས་པས། ཕྱོགས་གཉིས་ཀའི་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུ་ར་ཀུའེ་ཕྱོགས་དང་མཉམ་དུ། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་རྒྱུ་དེ་མགོ་རྩོམ་ས་གསར་པ་དང་གནས་ཚད་གསར་པར་བརྩིས་ནས། ཕྱོགས་གཉིས་ཀའི་འབྲེལ་བ་ཡི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ་དང་རྒྱལ་ཁབ་གཉིས་ཀའི་མཉམ་ལས་ཀྱི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཀྲུང་གོ་དང་ཝུ་ར་ཀུའེ་ཡི་འབྲེལ་བ་དེ་ཚད་གཞི་མི་འདྲ་བ་དང་ལམ་ལུགས་མི་འདྲ་བ། རིག་གནས་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་ཀྱིས་ཕན་ཚུན་མཐུན་སྒྲིལ་མཉམ་ལས་བྱེད་པའི་དཔེ་མཚོན་དུ་འགྱུར་བར་བྱས་ནས། རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་སྔར་ལས་གང་ལེགས་ཞུ་བ་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་ཆེན་པོ་བསྐྲུན་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དོན་སྙིང་ངོ་སྤྲོད་གནང་ནས། ཀྲུང་གོ་ཕྱོགས་ཀྱིས་ཝུ་ར་ཀུའེ་བར་གྱི་རྒྱལ་སྲིད་སྐྱོང་ལུགས་ཀྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་ཆབ་སྲིད་ཐད་ནས་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་ལས་ཇེ་ཆེར་གཏོང་བ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བཅས་བྱས་ནས། རང་སོ་སོའི་རྒྱལ་ཁབ་ཀྱི་དེང་རབས་ཅན་དང་འཛམ་གླིང་དེང་རབས་ཅན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀས་ཁྲིམས་འཛུགས་སྒྲིག་གཞི་དང་སྲིད་ཏང་། ས་གནས་བཅས་ཀྱི་མཛའ་མཐུན་བརྗེ་རེས་མཉམ་ལས་སྔར་ལས་དམ་པོར་སྤེལ་རྒྱུ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་གཞི་བཀོད་པ་གོ་སྐབས་སུ་བརྩིས་ཏེ། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཞབས་ཞུའི་ཚོང་དོན་དང་གཞི་གྲངས་དཔལ་འབྱོར། དག་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་སྒུལ་ནུས་གསར་པ་གསོ་སྐྱོང་བྱས་ནས། རྒྱལ་ཁབ་གཉིས་ཀས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་འཕེལ་བར་སྐུལ་འདེད་གཏོང་དགོས། ཝུ་ར་ཀུའེ་ཡི་སྤུས་ལེགས་ཞིང་འབྲོག་ཐོན་རྫས་དང་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་སྔར་ལས་གང་མང་ཀྲུང་གོའི་ཁྲོམ་ར་རུ་གཏོང་རྒྱུར་དགའ་བསུ་ཞུས་པ་ཡིན་ལ། ཀྲུང་གོའི་ཁེ་ལས་ཀྱིས་ཝུ་ར་ཀུའེ་ནས་དངུལ་གཏོང་དང་ལས་རིགས་དར་རྒྱས་གཏོང་བར་སྐུལ་མ་གཏོང་རྒྱུ་ཡིན། ཝུ་ར་ཀུའེ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་མུ་མཐུད་དུ་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུའི་རེ་ལྟོས་ཆེ། ཕྱོགས་གཉིས་ཀས་རིག་གནས་དང་ལུས་རྩལ་སོགས་མི་གཞུང་རིགགནས་བརྗེ་རེས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་སྣའི་འགྲོ་འོང་ལ་སྟབས་བདེ་གང་ལེགས་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝུ་ར་ཀུའེ་ཕྱོགས་ལ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་སྔར་ལས་གང་མང་སྤྲོད་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝུ་ར་ཀུའེ་ལྟ་བུར་མཚོན་ན། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་མང་པོའི་ཐད་འདུ་ཤེས་གཅིག་མཚུངས་ཡིན་པ་དང་ཐུན་མོང་གི་ངོས་འཛིན་དང་ཐུན་མོང་གི་ཁེ་ཕན་ཆེན་པོ་ལྡན་པས། ཕྱོགས་གཉིས་ཀས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་སྔར་ལས་ཤུགས་བསྣན་ཏེ། འཛམ་གླིང་འདི་ཉིད་སྔར་ལས་ཞི་བདེ་དང་དར་རྒྱས། དྲང་གཞག་བཅས་ཀྱི་ཕྱོགས་སུ་འགྲོ་བར་མཉམ་དུ་འབད་བརྩོན་བྱ་ཆོག  ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ལ་ཏེན་མེ་གླིང་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཝུ་ར་ཀུའེ་ཕྱོགས་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་ཁྱོན་ཡོངས་ཀྱི་མཉམ་ལས་ཁྲོད་འབད་པས་ཞུགས་ནས། ལྷོ་ཕྱོགས་ཐུན་མོང་ཁྲོམ་ར་སོགས་ས་ཁུལ་རྩ་འཛུགས་ཀྱིས་ཀྲུང་གོའི་བར་ཆབ་སྲིད་ཀྱི་ངོས་ནས་གླེང་མོལ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་དམ་པོ་བྱས་པར་བསྟོད་བསྔགས་བྱས་པ་ཡིན་ལ། ཝུ་ར་ཀུའེ་ཕྱོགས་ཀྱིས་སྔར་སྲོལ་བཞིན་ཀྲུང་གོ་དང་ལ་ཏེན་མེ་གླིང་བར་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།

ལཱ་ཁ་ལེ་ཡིས་ཝུ་ར་ཀུའེ་ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་གང་ལེགས་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་ཧྲིལ་པོའི་བདེ་འཇགས་གྲོས་འགོ འཛམ་གླིང་ཧྲིལ་པོའི་ཤེས་རིག་གྲོས་འགོ་བཅས་ལ་མོས་མཐུན་བྱས་ཡོད་ཅིང་། དཔལ་འབྱོར་ཚོང་དོན་དང་ཚན་རྩལ། ལུས་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱུའི་རེ་བ་ཡོད། ཀྲུང་གོའི་ཁེ་ལས་སྔར་ལས་གང་མང་ཝུ་ར་ཀུའེ་རུ་ཡོང་ནས་དངུལ་གཏོང་དང་ལས་རིགས་གསར་གཏོད་བྱེད་དུ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཝུ་ར་ཀུའེ་རུ་ཁུང་ཙི་སློབ་གླིང་སྔར་ལས་གང་མང་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་བར་མི་སྣ་འགྲོ་འོང་དང་སྤྱི་ཚོགས་ཀྱི་བརྗེ་རེས་ལ་སྐུལ་མ་གཏོང་རྒྱུ་ཡིན། ཝུ་ར་ཀུའེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རང་མོས་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གང་མགྱོགས་གཏོང་རྒྱུའི་རེ་ལྟོས་བྱེད་ཀྱིན་པ་དང་མཉམ་དུ། ལྷོ་ཕྱོགས་ཐུན་མོང་ཁྲོམ་ར་དམིགས་འབེན་དེའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཝུ་ར་ཀུའེ་ཕྱོགས་ཀྱིས་ལ་ཏེན་མེ་གླིང་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་དང་ལ་ཏེན་མེ་གླིང་དང་ཀྲུང་གོའི་གླེང་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་བསྟན།

གྲོས་མོལ་གྲོལ་རྗེས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དང་ཚོང་དོན་དངུལ་གཏོང་། གཞི་གྲངས་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། ཞིང་ལས། འཕྲོད་བསྟེན། སློབ་གསོ། རིག་གནས། ཚན་རྩལ་གསར་གཏོད། འགག་སྒོའི་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་གནང་།

གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ། ལཱ་ཁ་ལེར་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཞི་ཅིན་ཕིང་གིས་ཉིན་དེའི་དགོང་མོར། མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ། ལཱ་ཁ་ལེར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས།

ལ་ཁཱ་ལེ་ཡིས་ཀྲུང་གོར་འཚམས་འདྲི་བྱེད་པའི་རིང་ལ། ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝུ་ར་ཀུའེ་ཏུང་ཨན་སྤྱི་མཐུན་རྒྱལ་ཁབ་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།

བན་དེ་སྐྱབས་ཀྱིས་བསྒྱུར།