ཚའེ་ཆི་ཡིས་སོ་སོར་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པ་དང་འཇར་པན་ཀུང་མེན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
2023.11.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ11པའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་པེ་ཅིང་དུ། མོང་གོལ་མི་དམངས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཨ་མར་པ་དབྱི་སི་ཀི་ལིན་གྱིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པ་དང་། འཇར་པན་ཀུང་མེན་ཏང་གི་ཏང་གཙོ་ཧྲན་ཁུག་ན་ཅིན་ནན་གྱིས་སྣེ་ཁྲིད་པའི་འཐུབ་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཚའེ་ཆི་ཡིས་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་སྐབས། ཉེ་བའི་ལོ་འདི་དག་གི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་མཇལ་འཕྲད་ཐེངས་མང་གནང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བར་འཆར་གཞི་ཆེན་པོ་བཀོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མོང་གོལ་མི་དམངས་ཏང་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ། སང་ལོར་ཀྲུང་གོ་དང་མོང་གོལ་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བ་དང་། 《ཀྲུང་གོ་དང་མོང་གོལ་གྱི་མཛའ་མཐུན་མཉམ་ལས་འབྲེལ་བའི་ཆིངས་ཡིག》བཞག་ནས་ལོ30འཁོར་བའི་གོ་སྐབས་དང་བསྟུན་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་གཞུང་རིག་གནས་ཀྱི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་ཕན་ཚུན་དཔྱད་གཞིར་འཛིན་པ། ལས་དབང་གཅིག་པ་དང་མཉམ་ལས་གཉིས་ཕན། དམངས་སེམས་གཅིག་མཐུན་བཅས་ཀྱི་དཔེ་བཟང་བཏོད་པ། ཀྲུང་གོ་དང་མོང་གོལ་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་ཇེ་དམ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཨ་མར་པ་དབྱི་སི་ཀི་ལིན་གྱིས་ཉེ་བའི་དུས་སུ་མོང་གོལ་དང་ཀྲུང་གོའི་མཐོ་རིམ་བར་འགྲོ་འོང་མང་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་དམ་པོ་ཡོད་པའི་དབང་གིས། མོང་གོལ་ཏང་གིས་མོང་གོལ་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་ཁྱོན་ཡོངས་ནས་སྦྲེལ་མཐུད་རྒྱབ་སྐྱོར་བྱས་ནས། ཏང་གཉིས་ཀྱི་རྒྱལ་སྲིད་སྐྱོང་ལུགས་ཀྱི་བརྗེ་རེས་ལ་ཤུགས་བསྣན་ཡོད་ཅེས་བསྟན།

ཚའེ་ཆི་ཡིས་འཇར་པན་ཀུང་མེན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་སྐབས། ད་ལོ་ནི་ཀྲུང་འཇར་བར་ཞི་བདེ་མཛའ་མཐུན་ཆིངས་ཡིག་བཞག་ནས་ལོ45འཁོར་བའི་ལོ་ཡིན་པ་དང་། ཉིན་འགའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་ལ་མཇལ་འཕྲད་གནང་ནས། འཐབ་ཇུས་གཉིས་ཕན་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་ངེས་གནས་སླར་ཡང་གཏན་འཁེལ་གནང་སྟེ། ཀྲུང་འཇར་ཕྱོགས་གཉིས་ཀར་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། རྒྱལ་ཁབ་གཉིས་ཀའི་སྲིད་འཛིན་ཏང་གིས་རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཕ་རོལ་པོའི་འཕེལ་རྒྱས་དང་འཐབ་ཇུས་ཀྱི་བསམ་འདུན་ལ་སྟངས་འཛིན་ཡང་དག་བྱེད་པ། ཕན་ཚུན་བར་མཛའ་མཐུན་འཆམ་མཐུན་གྱི་ངོས་འཛིན་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དུས་རབས་གསར་བའི་བླང་བྱ་དང་འཚམ་པའི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཛུགས་རྒྱུར་མཉམ་དུ་འབད་བརྩོན་བྱེད་དགོས་ཞེས་གསུངས། ཚའེ་ཆི་ཡིས་ད་དུང་ལོ་རྒྱུས་ཀྱི་གནད་དོན་དང་ཐའེ་ཝན་གྱི་གནད་དོན། ཧྥུའུ་ཏའོ་གླིང་ཕྲན་གྱི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་གནད་དོན་སོགས་ཐད་ནས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་གསལ་བཤད་གནང་།

ཧྲན་ཁུག་ན་ཅིན་ནན་གྱིས་འཇར་པན་ཀུང་མེན་ཏང་གིས་ཀུང་མེན་ཏང་གི་སྲོལ་འབྱེད་པ་ཁྲི་ཐེན་ཏ་ཙའོ་ཡིས།་འཇར་པན་དང་ཀྲུང་གོའི་མཛའ་མཐུན་ལ་རྩེ་གཅིག་ཏུ་གཞོལ་མྱོང་བའི་བྱེད་ཕྱོགས་རྒྱུན་འཛིན་བྱས་ནས། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གང་ལེགས་བཏང་སྟེ། སྲིད་འཛིན་ཏང་གི་བརྗེ་རེས་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་སྒོས་འགལ་བ་ཐག་གཅོད་འོས་འཚམ་བྱས་ནས། འཇར་པན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་ཇེ་ལེགས་སུ་འགྲོ་བ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།