ཟླ11པའི་ཚེས22ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང“ཞང་ཀང་དང་ཨོ་མིན་གྱི་ན་གཞོན་གྱིས་མེས་རྒྱལ་ལ་ལྟ་བའི”ལས་རིགས་ཁག་གི་ཞང་ཀང་དང་ཨོ་མིན་གྱི་གཞོན་ནུའི་འཐུས་མིའི་བརྗེ་རེས་ཚོགས་པར་མཇལ་འཕྲད་གནང་བར་མ་ཟད། ཁོ་ཚོ་དང་ལྷན་དུ་དྲན་རྟེན་མཉམ་པར་བསྐྱོན་ནས་བཞུགས་མོལ་བརྗེ་རེས་བྱས།
ཏེན་ཞུའེ་ཞང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞང་ཀང་དང་ཨོ་མིན་གྱི་གཞོན་ནུ་ཚོར་བརྩེ་སེམས་ཟབ་མོ་བཅངས་ནས་རེ་བ་ཆེན་པོ་བཅོལ་ཡོད། རྒྱ་ཆེའི་ཞང་ཀང་དང་ཨོ་མིན་གྱི་གཞོན་ནུ་ཚོས་རྒྱལ་ཁབ་ཀྱི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ་དང་འཇོན་ཐང་ཆེན་པོ་སྦྱོང་བརྡར་བྱས་ཏེ། སྔ་མོ་ནས་འགན་འཁྲི་ཆེན་པོ་འཁུར་མཁན་གྱི་རྐང་འཛིན་མི་སྣར་འགྱུར་རྒྱུའི་རེ་བ་ཡོད་ཅེས་གསུངས། ཞང་ཀང་དང་ཨོ་མིན་གཉིས་ཀྱི་ན་གཞོན་རྣམས་འཕེལ་རྒྱས་ཡག་པོ་བྱུང་ན། ཞང་ཀང་དང་ཨོ་མིན་གཉིས་འཕེལ་རྒྱས་ཡག་པོ་ཡོང་ཐུབ་པ་དང་རྒྱལ་ཁབ་འཕེལ་རྒྱས་ཡག་པོ་ཡོང་ཐུབ། ཚང་མས་རྒྱལ་ཁབ་དང་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་ངོས་འཛིན་གཏིང་ཟབ་བྱས་ནས་མི་རིགས་ཀྱི་སྤོབས་སེམས་དང་བདག་པོའི་འདུ་ཤེས་ཆེ་རུ་བཏང་སྟེ། དུས་རབས་གསར་པར་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ། རྣམ་པ་གསར་པ་བཅས་མངོན་པར་བྱེད་དགོས། རྒྱལ་ཁབ་དང་མི་རིགས་ཀྱི་ལོ་རྒྱུས་སློབ་སྦྱོང་བྱེད་པར་ཤུགས་སྣོན་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཏེ། ཞང་ཀང་དང་ཨོ་མིན་གྱི་གཞོན་ནུའི་ཁྲོད་དུ་རྒྱལ་གཅེས་ཀྱི་སྲོལ་བཟང་ཆགས་པར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་བདེན་རྫུན་གསལ་འབྱེད་ཀྱི་ལངས་ཕྱོགས་བརྟན་པོ་བཅངས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”བརྟན་པོའི་ངང་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གསར་པ་ཞིག་བྱེད་དགོས། ཧུར་ཐག་གིས་རྒྱལ་ཁབ་འཕེལ་རྒྱས་ཁྲོད་ཞུགས་ནས་མཛེས་སྡུག་ལྡན་པའི་ལང་ཚོ་ལ་གཅེས་སྤྲས་དང་། ཕུགས་འདུན་དོན་གཉེར་བྱེད་པ། འབད་འཐབ་ཧུར་ཐག་བཅས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་བགྲོད་ལམ་གསར་བའི་སྟེང་དུ་ལང་ཚོའི་གླུ་དབྱངས་ལེན་པ་དང་ངོ་མཚར་ཆེ་བའི་མི་ཚེ་གསར་གཏོད་བྱེད་དགོས་ཞེས་གསུངས།
ཞང་ཀང་དང་ཨོ་མིན་གྱི་གཞོན་ནུའི་འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་ནས། མེས་རྒྱལ་ནང་ཁུལ་དུ་ལྟ་སྐོར་བརྗེ་རེས་བྱས་པའི་མྱོང་ཚོར་གླེང་། ཚང་མས་མགྲིན་གཅིག་ཏུ་རྒྱལ་ཁབ་ལ་དགའ་ཞེན་དང་ཞང་ཀང་ལ་དགའ་ཞེན། ཨོ་མིན་ལ་དགའ་ཞེན་བྱེད་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ཧུར་ཐག་གིས་རྒྱལ་ཁབ་འཛུགས་སྐྲུན་ཁྲོད་ཞུགས་པ། དེང་རབས་ཀྱི་ཀྲུང་གོའི་གཏམ་རྒྱུད་ཡག་པོར་བཤད་པ།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”བདེ་བླག་ངང་ལག་ལེན་དུ་བསྟར་བའི་ཞང་ཀང་གི་གཏམ་རྒྱུད་དང་ཨོ་མིན་གྱི་གཏམ་རྒྱུད་ཡག་པོར་བཤད་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཟེར།
ད་ལོར“ཞང་ཀང་དང་ཨོ་མིན་གྱི་གཞོན་ནུ་ཚོས་མེས་རྒྱལ་ལ་ལྟ་བའི”བརྗོད་དོན་གཙོ་བོའི་བརྗེ་རེས་བྱ་འགུལ་གྱིས་ཞང་ཀང་དང་ཨོ་མིན་གྱི་གཞོན་ནུ་མི་ཐེངས་འབུམ་གཅིག་ཁྲི་དྲུག་སྟོང་ལྔ་ལྷག་ནང་ལོག་ཏུ་ཡོང་ནས་བརྗེ་རེས་བྱེད་པར་སྐུལ་འདེད་བཏང་། “ཞང་ཀང་དང་ཨོ་མིན་གྱི་གཞོན་ནུ་ཚོས་མེས་རྒྱལ་ལ་ལྟ་བའི”ལས་རིགས་ཁག་གི་ཞང་ཀང་དང་ཨོ་མིན་གྱི་གཞོན་ནུའི་འཐུས་མིའི་བརྗེ་རེས་ཚོགས་པ་ནི་བརྗོད་དོན་གཙོ་བོའི་བརྗེ་རེས་བྱ་འགུལ་ལ་ཞུགས་མྱོང་བའི་འཐུས་མི150ཡིས་གྲུབ་ཡོད།
ཞ་པའོ་ལུང་མཇལ་འཕྲད་ལ་ཞུགས།