ཧན་ཀྲིན་འཛམ་གླིང་ཧྲིལ་པོའི་གཞི་གྲངས་ཚོང་དོན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་གཉིས་པའི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
2023.11.23 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 20

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཚེས23ཉིན་ཀྲེ་ཅང་ཧང་ཀྲོའུ་རུ་འཛམ་གླིང་ཧྲིལ་པོའི་གཞི་གྲངས་ཚོང་དོན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་གཉིས་པའི་འགོ་རྩོམ་མཛད་སྒོར་ཞུགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས་པར་མ་ཟད་ཤིས་ཚིག་ཕུལ།

ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་དུ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དེའི་སྟེང་ནས་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་སོ་སོ་དང་མཉམ་དུ་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་དང་འཛམ་གླིང་ཧྲིལ་པོའི་གཞི་གྲངས་ཚོང་དོན་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་གང་ལེགས་སྒོས་མཚོན་ཡོད།

ཧན་ཀྲིན་གྱིས་བསྟན་དོན། གཞི་གྲངས་ཚོང་དོན་དེ་རྒྱལ་སྤྱིའི་ཚོང་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མ་འོངས་འཕེལ་རྒྱས་ཀྱི་འཕར་གཞི་གསར་པར་འགྱུར་བཞིན་ཡོད། ཀྲུང་གོའི་གཞི་གྲངས་ཚོང་དོན་འཕེལ་རྒྱས་ལ་དམིགས་བསལ་གྱི་ལེགས་ཆ་ལྡན་ཞིང་། གྲངས་འབོར་ཆེ་བའི་གཞི་གྲངས་ཐོན་ཁུངས་དང་ཕུན་སུམ་ཚོགས་པའི་ཚོང་དོན་གཞི་གྲངས་ཅན་གྱི་བཀོལ་སྤྱོད་རྣམ་པ་ལྡན་ཡོད། ཀྲུང་གོས་གཞི་གྲངས་ཚོང་དོན་དང་དངོས་ཟོག་ཚོང་དོན་། ཞབས་ཞུའི་ཚོང་དོན་བཅས་མཉམ་གཅིག་ཏུ་ཚོང་དོན་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པའི་གདུང་མ་ཆེན་པོ་གསུམ་དུ་བྱས་ནས་རྒྱལ་ཁབ་སོ་སོ་དང་མཉམ་དུ་སྒོ་འབྱེད་དང་། དཀྱེད་ཡངས། འདྲ་མཉམ། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་མཉམ་དུ་བཏོད་དེ་འཛམ་གླིང་ཧྲིལ་པོའི་གཞི་གྲངས་ཚོང་དོན་གྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོས་མཉམ་ལས་གཉིས་ཕན་གྱི་འཛམ་གླིང་ཧྲིལ་པོ་ཅན་གྱི་འདུ་ཤེས་བཟུང་ནས་གཞི་གྲངས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་དང་ཚད་གཞིའི་གཏན་འབེབས་ནང་ཧུར་ཐག་གིས་ཞུགས་པ་དང་། ལམ་ལུགས་རྣམ་པའི་སྒོ་འབྱེད་གྲུབ་འབྲས་སྔར་ལས་མང་པོ་འཚོལ་ཞིབ་བྱས་ནས་གཞི་གྲངས་ཁྱབ་ཁོངས་ཀྱི་ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་གཞི་གྲངས་ཅན་གྱི་རིགས་སྒྱུར་དང་རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་འཕེལ་ཚད་མུ་མཐུད་དུ་ཇེ་མགྱོགས་སུ་གཏོང་བ་དང་། གཞི་གྲངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། “དར་གོས་ཚོང་ལམ་གྱི་གློག་རྡུལ་ཚོང་དོན”མཉམ་ལས་སྔོན་སྐྱོད་ཁུལ་འཛུགས་པ། མཉམ་ལས་གྲོགས་པོ་དང“རྒྱུད་གཅིག་ལམ་གཅིག”གི་གློག་རྡུལ་ཚོང་དོན་ཚོང་ར་ཆེན་པོ་མཉམ་སྐྲུན། འཛམ་གླིང་ཧྲིལ་པོའི་གཞི་གྲངས་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བདེ་འཇགས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བཅས་བྱ་རྒྱུ་ཡིན། ཀྲུང་གོས་ཕྱོགས་སོ་སོའི་བར་གྱི་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཏེ་མཉམ་དུ་རྒྱལ་སྤྱིའི་སྤྱི་པའི་ཞབས་ཞུའི་ཐོན་རྫས་སུ་གྱུར་བའི་འཛམ་གླིང་ཧྲིལ་པོའི་གཞི་གྲངས་ཚོང་དོན་དངོས་མང་བཤམས་སྟོན་ཚོགས་འདུ་བེད་སྤྱོད་ཡག་པོ་བྱས་ནས་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

སྐབས་འདིའི་གཞི་གྲངས་ཚོང་དོན་དངོས་མང་བཤམས་སྟོན་ཚོགས་འདུ་ཡིས“གཞི་གྲངས་ཚོང་དོན་འཛམ་གླིང་ཧྲིལ་པོར་ཁྱབ་པ”བརྗོད་དོན་གཙོ་བོར་བྱས་ཤིང་། ཀྲུང་གོ་དང་། རྒྱལ་ཁབ་དང་ས་ཁུལ་རེ་གསུམ་དང་། རྒྱལ་སྤྱིའི་རྩ་འཛུགས་དང་ཕྱི་རྒྱལ་ཚོང་དོན་མཐུན་ཚོགས་རེ་བརྒྱད་ཀྱི་ལས་རིགས་སོ་སོའི་འཐུས་མི་སྟོང་གཅིག་ཙམ་འགོ་རྩོམ་མཛད་སྒོར་ཞུགས།

འགོ་རྩོམ་མཛད་སྒོ་མ་འཚོགས་གོང་། ཧན་ཀྲིན་གྱིས་དངོས་མང་བཤམས་སྟོན་ཚོགས་འདུའི་འགྲེམས་ཁང་དུ་ལྟ་སྐོར་བྱས་ནས་གནས་ཚུལ་སྙན་ཞུར་ཉན་པ་དང་། འགྲེམས་ཚོགས་ནང་ཞུགས་པའི་ཁེ་ལས་ཀྱི་འགན་འཁུར་པ་དང་བརྗེ་རེས་བྱས་པར་མ་ཟད། ཞིན་ཧྭ་སྡེ་ཚོགས་གསུམ་པའི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས།

ཤ་བོ་གསེར་མཚོས་བསྒྱུར།