ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་སྐོར་ཐེངས་བཞི་པའི་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས།
2023.11.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ11པའི་ཚེས23ཉིན། ཞིང་ཆེན་ཏང་ཨུ་་སྐབས་བཅུ་བཞི་པའི་སྐོར་ཐེངས་བཞི་པའི་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་དབྱང་ཚོགས་འདུར་ཞུགས་ནས་གཏམ་བཤད། གྲོས་ཚོགས་ནས་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་ཐེངས་གཉིས་པའི་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། སྐོར་ཞིབ་ཚན་ཆུང་གི་དབང་བསྩལ་འགན་འཁྲི་དང་ལས་འགན་བགོ་བཤའི་ཆོད་དོན་ཁྱབ་བསྒྲགས་བྱས།

གྲོས་ཚོགས་ནས་བསྟན་དོན། སྐོར་ཞིབ་ནི་ཆབ་སྲིད་སྐོར་ཞིབ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་པ་དང་རྒྱལ་དབང་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཤུགས་སྣོན་པའི་སྐོར་གྱི་རེ་བ་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། དབང་ཤུགས་དང་འགན་འཁྲི་ལ་དམ་པོར་དམིགས་པ་དང་མགོ་ཁྲིད་པ་དང་པོ་དང་མགོ་ཁྲིད་ཚན་ཁག་ལ་དམ་པོར་དམིགས་པ། མང་ཚོགས་བསམ་འཆར་ཆེ་བའི་གནད་དོན་ལ་དམ་པོར་དམིགས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་དངོས་འབེབས་བྱེད་པའི་ཐད་ཀྱི་ཆབ་སྲིད་བར་ཁྱད་འཚོལ་ཞིབ་གང་ལེགས་བྱེད་པ་དང་། ཟོལ་མེད་ཀྱིས་ཆབ་སྲིད་ལྟ་རྟོག་ནུས་པ་མཐོར་འདེགས་བཏང་ནས། སྐོར་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། ཆབ་སྲིད་སྐོར་ཞིབ་ངེས་གནས་རྒྱུན་འཁྱོངས་དང་། འབུར་ཐོན་གནད་དོན་གཙོར་འཛིན་པ། བབ་བསྟུན་མཐུན་སྦྱོར་སྔར་ལས་ཇེ་ཟབ་ཏུ་གཏོང་བ། སྔར་ལས་རང་འགུལ་གྱིས་མང་ཚོགས་ནང་ཟབ་ཞུགས་བྱས་ནས། རྩད་ཆོད་པའི་སྒྲིག་འགལ་ལུགས་འགལ་གྱི་གནད་དོན་འཚོལ་ཞིབ་དང་དེར་སྐུལ་འདེད་གཏོང་བ་ལས་འགན་གཙོ་བོར་བྱེད་པ་དང་། རྒྱུན་ཆད་མེད་པར་སྐོར་ཞིབ་ཀྱི་ཟིལ་ཤུགས་དང་དམིགས་སའི་རང་བཞིན་མཐོར་འདེགས་བྱེད་དགོས་ལ། ནན་ཏན་གྱིས་སྐོར་ཞིབ་སྒྲིག་ལམ་ལག་བསྟར་དང་སློབ་གསོའི་དག་ཐེར་གཏིང་ཟབ་ཏུ་སྤེལ་ནས། ཟོལ་མེད་ཀྱིས་སྐོར་ཞིབ་ལས་བྱེད་པའི་སྣང་བརྙན་བཟང་བོར་སྲུང་སྐྱོབ་བྱེད་དགོས་ཟེར།

སྐོར་ཐེངས་འདིའི་སྐོར་ཞིབ་ཀྱིས་ཟླ་བཅུ་གཅིག་པའི་ཟླ་སྨད་ནས་ཉིས་སྟོང་ཉེར་བཞི་ལོའི་ཟླ་གཉིས་པའི་ཟླ་སྟོད་བར། མཚོ་ཤར་གྲོང་ཁྱེར་དང་དེའི་ཁོངས་སུ་གཏོགས་པའི་ལི་ཏུའུ་ཆུའུ་དང་། ཕེན་ཨན་ཆུའུ། མེན་ཧི་རྫོང་། ཧུའུ་ཀྲུའུ་རྫོང་། ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུའུ། མཁར་ཤར་ཤུའུ། ཧོང་ཀྲུང་ཆུའུ། རྟ་ཐང་རྫོང་། སྟོང་སྐོར་རྫོང་། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟི་དང་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཅས་སུ་རྒྱུན་སྲོལ་གྱི་སྐོར་ཞིབ་བྱ་བ་སྤེལ་རྒྱུ་ཡིན་པ་དང་། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་དང་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ལ་རིམ་འཕར་སྐོར་ཞིབ་བྱ་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།