ཞིང་ཆེན་དམངས་ཆེན་གྱིས་དམངས་ཆེན་འཐུས་མིས་མི་གྲངས་ཀྱི་དུས་ཡུན་རིང་བོའི་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་རྟོག་ཞིབ་བྱ་འགུལ་སྤེལ།
2023.11.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ11པའི་ཚེས22ཉིན། ཞིང་ཆེན་དམངས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ལྷན་ཁང་སྐོར་ཞིག་གི་རྩ་འཛུགས་ཁོངས་མི་དང་། ཆེད་ལས་འཐུས་མིའི་ཚན་ཆུང་གི་ཁོངས་མི། ཞིང་ཆེན་དམངས་ཆེན་འཐུས་མི་སྐོར་ཞིག་གིས་གྲུབ་པའི་རྟོག་ཞིབ་ཚན་ཆུང་ཟི་ལིང་གྲོང་ཁྱེར་དུ་སོང་ནས་དམངས་ཆེན་འཐུས་མིས་མི་གྲངས་ཀྱི་དུས་ཡུན་རིང་བོའི་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་རྟོག་ཞིབ་བྱ་འགུལ་སྤེལ།

རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་མཁར་ནུབ་ཆུའུ་བུད་མེད་བྱིས་པའི་བདེ་སྲུང་འཆར་ལྡན་བུ་སྐྱེས་ཞབས་ཞུ་ལྟེ་གནས་དང་། ཟི་ལིང་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་ཀྲུང་ནུབ་ལུགས་ཀྱི་ཁམས་གསོ་ལྟེ་གནས། ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་གི་ཁོངས་གཏོགས་བྱིས་སྐྱོང་ཁང་། མཁར་དཀྱིལ་ཆུའུ་འཆར་ལྡན་བུ་སྐྱེས་དམིགས་བསལ་ཁྱིམ་ཚང་གི་དྲོད་སྐྱིད་ཁྱིམ་གཞིས་བཅས་སུ་སོང་ནས། ཡུལ་དངོས་ནས་ཚན་ཁག་གི་འཛུགས་སྐྲུན་དང་ལེགས་སྐྱེས་ལེགས་གསོ། རྒན་པའི་ནད་ཀྱི་འགོག་བཅོས། གསོ་བཅོས་དང་ཁམས་གསོའི་ཟུང་འབྲེལ། ཀུན་ཕན་བྱིས་སྐྱོང་གི་འཕེལ་རྒྱས། གཞུང་སྒྲུབ་དང་བྱིས་སྐྱོང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། འཆར་ལྡན་བུ་སྐྱེས་ཀྱི་དམིགས་བསལ་ཁྱིམ་ཚང་གཅིག་ལ་འཚམས་འདྲི་བྱས།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་རང་ཞིང་གིས་མི་གྲངས་ཀྱི་དུས་ཡུན་རིང་བོའི་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་གྱི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་རྗེས། རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། དམངས་ཆེན་འཐུས་མིས་མི་གྲངས་ཀྱི་དུས་ཡུན་རིང་བོའི་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་རྟོག་ཞིབ་བྱ་འགུལ་སྤེལ་བ་ནི་འཐུས་མིའི་བྱ་བར་ཤུགས་སྣོན་པ་དང་། འཐུས་མི་དག་གིས་ཕན་ནུས་ལྡན་པར་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་དམངས་ཆེན་འཐུས་མིའི་ཤེས་རྟོགས་ཐབས་ལམ་རྒྱ་བསྐྱེད་པ་དང་འཐུས་མིའི་བྱ་བའི་གསོན་ཤུགས་དང་ཕན་འབྲས་ཇེ་དྲག་ཏུ་གཏོང་དགོས་ཟེར།

རྟོག་ཞིབ་ལ་ཞུགས་པའི་འཐུས་མི་ཚོས་གཅིག་གྱུར་སྒོས་བསྟན་དོན། དུས་རྟག་ཏུ་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་པའི་རྟོག་ཞིབ་བྱ་འགུལ་ལ་ཞུགས་པ་དང་། བསྟུད་མར་རང་ཞིང་གི་མི་གྲངས་ཀྱི་དུས་ཡུན་རིང་བོའི་དོ་མཉམ་འཕེལ་རྒྱས་བྱ་བའི་གནས་ཚུལ་ལ་དོ་སྣང་བྱེད་པ་དང་། འཐུས་མིའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། བློ་འདོན་ཇུས་འབུལ་བྱེད་པ་དང་། འཐུས་མིའི་ལས་འགན་ལག་བསྟར་བྱེད་སྐབས་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་ལེན་བྱེད་པ་དང་། སྔར་ལས་ཡུལ་བབ་དང་བསྟུན་ནས་དམངས་ཀྱི་གནས་ཚུལ་རྟོག་ཞིབ་དང་དམངས་ཀྱི་བློ་གྲོས་གཅིག་བསྡུས་བྱེད་པ། དམངས་ཀྱི་འཚོ་བར་ཕན་ཐོགས་པར་བྱས་ཏེ། རྒྱུན་ཆད་མེད་པར་མི་གྲངས་ཀྱི་སྤྱིའི་བྱང་ཚད་མཐོར་འདེགས་བཏང་ནས། ཞིང་ཆེན་ཡོངས་ཀྱི་མི་གྲངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཐུས་མིའི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།