ཞི་ཅིན་ཕིང་གིས་མིས་ལའེ་ཨ་ཀེན་ཐིན་གྱི་ཙུང་ཐུང་ལ་བདམས་པར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2023.11.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ11པའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ཝེར·མིས་ལའེ་ལ་གློག་འཕྲིན་བཏང་ནས། ཁོ་ཨ་ཀེན་ཐིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཀེན་ཐིན་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གཙོ་བོ་ཡིན། རྒྱལ་ཁབ་གཉིས་ཀས་སྔ་ཕྱི་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་བ་དང་། གཉིས་ཕན་གཉིས་རྒྱལ་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་ཐད་ནས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་པ་དང་། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་འབྲས་དངོས་ཐོབ་པར་བྱས་ཡོད། ཀྲུང་གོ་དང་ཨ་ཀེན་ཐིན་བར་གྱི་མཛའ་བརྩེ་མི་སེམས་ཀྱི་ཟབ་སར་སིམ་ཡོད་ཅིང་། ཀྲུང་གོ་དང་ཨ་ཀེན་ཐིན་གྱི་འབྲེལ་བར་སྐུལ་འདེད་དམ་ཟབ་གཏོང་རྒྱུ་དེ་ནི། རྒྱལ་ཁབ་གཉིས་ཀའི་སྤྱི་ཚོགས་ལས་རིགས་སོ་སོའི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད། ངས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཆེན་གང་ལེགས་བྱས་ཏེ། ཙུང་ཐུང་མིས་ལའེ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་རྒྱུན་འཛིན་བྱེད་པ་དང་མཉམ་ལས་གཉིས་ཕན་ལ་རྩེ་གཅིག་ཏུ་འབད་དེ། རང་སོ་སོའི་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བར་རོགས་འདེགས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་ཆེན་པོ་བསྐྲུན་འདོད་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།