རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས24ཉིན་པེ་ཅིང་དུ་ཧྥ་རན་སིའི་ཕྱི་འབྲེལ་དཔོན་པོ་ཁི་ལུང་ནཱ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་ད་ལོར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མཱ་ཁི་ལུང་གི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་གཏན་འཇགས་བདེ་ཐང་ངང་འཕེལ་རྒྱས་ཕྱིན་ཏེ་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་དྲང་ནུས་མང་པོ་བསྩལ། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བཟང་བོ་བྱེད་པ་དང་། སང་ལོར་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བ་གོ་སྐབས་སུ་བྱས་ཏེ་ཕན་ཚུན་ཡིད་རྟོན་དང་གཉིས་ཕན་མཉམ་རྒྱལ། ཕྱར་བ་གྲུ་འདེགས་བཅས་རྒྱུན་འཁྱོངས་བྱས་ཏེ་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་བཀུར་བྱེད་པ་དང་ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་བ། ཀྲུང་གོ་དང་ཧྥ་རན་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་བརྟན་པོ་དང་གསོན་ཤུགས་ལྡན་པར་བྱས་ནས་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་དར་རྒྱས་གོང་འཕེལ་ལ་ཡར་སྐུལ་བཟང་བོ་བྱེད་དགོས། ཧྥ་རན་སི་ཕྱོགས་ཀྱིས་ཡོ་རོབ་གླིང་ཕྱོགས་ཀྱིས་རང་དབང་ཉོ་ཚོང་དགོངས་དོན་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་བྱེད་ཀྱིན་ཡོད་ཅེས་བསྟན།
ཁི་ལུང་ནཱ་ཡིས་ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ཏེ་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་དང་ཐུན་མོང་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཏེ་རྒྱལ་ཁབ་ཆེན་པོའི་བྱེད་ནུས་འདོན་འདོད་ཡོད་ཅེས་བསྟན།
ལྷ་མོ་ཚེ་རིང་གིས་བསྒྱུར།