ཟླ11པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གི་ཀྲུང་གོ་རིག་པའི་ཚོགས་ཆེན་གྱི་ཧྲང་ཧའེ་གླེང་སྟེགས་ལ་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་ཀྲུང་གོ་རིག་པ་ནི་ལོ་རྒྱུས་ཀྱི་ཀྲུང་གོ་རིག་པ་ཞིག་ཡིན་ལ། དེང་རབས་ཀྲུང་གོ་རིག་པ་ཞིག་ཀྱང་ཡིན། ཀྲུང་ཧྭའི་ཤེས་རིག་ལ་ལོ་རྒྱུས་རྒྱུན་རིང་ལྡན་པ་དང་། འཛམ་གླིང་གི་ཤེས་རིག་གཞན་དག་བར་ཕན་ཚུན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱེད་པའི་ཁྲོད་དུ་ཕུན་སུམ་ཚོགས་པར་འཕེལ་རྒྱས་སུ་སོང་ཡོད་ཅིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྨང་གཞི་བརྟན་པོ་བཏིངས་ཡོད། ལོ་རྒྱུས་ཀྱི་འབྱུང་རྩ་ནས་བལྟས་ན་གཞི་ནས་དངོས་ཡོད་ཀྱི་འཛམ་གླིང་ལ་གོ་བ་ལེན་ཐུབ་པ་དང་། རིག་གནས་འཁོར་རྒྱུག་གི་གཞི་རྩ་ནས་བལྟས་ན་གཞི་ནས་དེང་སྐབས་ཀྱི་ཀྲུང་གོ་རྟོགས་ཐུབ་ལ། ཤེས་རིག་ཕན་ཚུན་དཔྱད་གཞིར་བཟུང་ན་གཞི་ནས་མཉམ་དུ་ཡར་རྒྱས་ཡོང་ཐུབ། རྒྱལ་ཁབ་སོ་སོའི་ཆེད་མཁས་པ་དང་རིག་གནས་པས་ཀྲུང་གོ་དང་ཕྱི་རྒྱལ་བར་གྱི་ཤེས་རིག་གི་ཕོ་ཉ་བྱས་ཏེ། མཉམ་འདྲེས་མཉམ་གསོག་དང་སྒོ་འབྱེད་ཁོང་ཡངས་ལ་བརྟེན་ནས་འཛམ་གླིང་གི་ཀྲུང་གོ་རིག་པའི་ཞིབ་འཇུག་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ་དང་། ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་ཤེས་རིག་གི་མེ་ཏོག་ལྡུམ་རར་བསམ་བློ་དང་རིག་གནས་ཀྱི་སྟོབས་ཤུགས་བསྩོལ་ཐུབ་པའི་རེ་བ་ཡོད་ཅེས་གསུངས།
ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། “འཛམ་གླིང་ཧྲིལ་པོའི་མིག་རྒྱང་འོག་གི་ཀྲུང་ཧྭའི་ཤེས་རིག་དང་ཀྲུང་གོའི་བགྲོད་ལམ”ཞེས་པ་དེ་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་དང་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། ཚོགས་ཆེན་ཉིན་དེར་ཧྲང་ཧའེ་རུ་སྤེལ་མགོ་བརྩམས།
བན་དེ་སྐྱབས་ཀྱིས་བསྒྱུར།