ཟླ11པའི་ཚེས24ཉིན། སྐབས་དྲུག་པའི་མཚོ་སྔོན་བཅོས་སྒྱུར་གླེང་སྟེགས་དང་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་མ་ལག་གི་རིག་མཛོད་མནའ་འབྲེལ་གླེང་སྟེགས་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏཱ་ནན་གླེང་སྟེགས་ལ་ཞུགས་ཏེ་ཞུ་ཚིག་ཕུལ།
ཐེངས་འདིའི་གླེང་སྟེགས་ནི་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོའི་ཧེ་ནན་བཅོས་སྒྱུར་འཕེལ་རྒྱས་ཞིབ་འཇུག་ཁང་དང་། ཀྲུང་གོའི་ནུབ་ཕྱོགས་འཇོན་མིའི་གསར་སྤེལ་ཐེབས་རྩ་ཚོགས་པ། ཀྲུང་གོའི་ཚོང་རའི་དཔལ་འབྱོར་ཞིབ་འཇུག་ཁང་བཅས་ཀྱི་རྒྱབ་སྐྱོར་ཐོབ་ནས། མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་ཞིབ་འཇུག་ཁང་གིས་སྒྲུབ་འགན་ཁུར་ཡོད། རོགས་ལས་བྱས་ནས་སྐྱེ་ཁམས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་སྙིང་དུ་བྱས་ཡོད་ལ། གཏམ་བཤད་གཙོ་བོ་དང་དུས་མཉམ་གྱི་གླེང་སྟེགས་གསུམ། ཚོགས་ཆེན་བརྗེ་རེས། མཇུག་བསྡུའི་མཛད་སྒོ་སོགས་དུས་རིམ་བཞིན་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཚོགས་ཞུགས་སྐུ་མགྲོན་དག་གིས་སྤུས་ཚད་མཐོ་བའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱེད་པ་དང་། “རི་གཉིས”སྒྱུར་སྤོར་གྱི་གཞུང་ལུགས་དང་ལག་ལེན། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་དང་བསམ་བློ་བརྗེ་རེས་ཟབ་མོ་བྱེད་རྒྱུ་རེད།
འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ། དེ་མིན་ལས་ཡུལ་དང་པོའི་ལས་བྱེད་པ་སོགས་མི་ཉིས་བརྒྱ་ལྷག་གླེང་སྟེགས་ལ་ཞུགས་ཡོད།
ཚོགས་ཞུགས་མི་སྣས་གཅིག་གྱུར་སྒོས་བལྟས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བ་ནི་དུས་རབས་གསར་བའི་ཏང་གི་ལས་འགན་གཙོ་བོ་ཡིན་ལ། སྐྱེ་ཁམས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དཀྱིལ་སྙིང་གི་ལས་འགན་དེར་སྐུལ་འདེད་བཏང་ནས་ངེས་པར་དུ་ཐག་གཅོད་གང་ལེགས་བྱེད་དགོས་པའི་འབྲེལ་བ་ཞིག་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས་རྩེར་སོན་གྱི་རིག་མཛོད་ནུས་པ་འདོན་སྤེལ་བྱེད་པ་དང་། བཅོས་སྒྱུར་གྱི་ཐུན་མོང་ལྟ་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་དང་འཚམ་ལ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐབས་ལམ་ཞིབ་འཇུག་འཚོལ་ཞིབ་བྱེད་པ་དང་། ཧུར་ཐག་སྒོས་ལག་ལེན་དུ་བསྟར་བ་དང་འགུལ་སྐྱོད་སྤེལ་ནས། བཅོས་སྒྱུར་བསམ་བློ་དང་བཅོས་སྒྱུར་བྱེད་ཐབས་ཀྱིས་སྐྱེ་ཁམས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་པར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།