ལིས་ཆང་གིས་མགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2023.11.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 87

ཟླ11པའི་ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་མགོའི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་རྒྱུར་ཞིབ་འཇུག་བྱས་པ་དང་།《མཁའ་དབུགས་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བའི་འགུལ་སྐྱོད་འཆར་གཞི》དང《དངུལ་ཁང་མིན་པའི་གཏོང་སྤྲོད་སྒྲིག་གཞིའི་ལྟ་སྐུལ་དོ་དམ་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་ད་ལོ་ནས་བཟུང་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡིན་ནའང་། ཉེ་ལམ་ས་ཁུལ་ཁག་གཅིག་ཏུ་ལས་འཛོལ་བསྟུད་མར་བྱུང་ནས་ས་ཁུལ་ཁ་ཤས་ཀྱི་མི་སྣར་ཤི་རྨས་ཚབས་ཆེན་བྱུང་བར་བརྟེན། དེ་བསྟུན་གྱི་བསླབ་བྱ་ཟབ་མོ་ཐོབ་ཡོད། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་མགོར་ལས་འཛོལ་རིགས་འདྲ་མིན་ཐོན་སླ་བ་དང་ཐོན་མང་བའི་དབང་གིས། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། ཟུར་བསྟན་ལེབ་མཐོང་གི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཉེན་ཁའི་འགལ་རྐྱེན་སྣ་ཚོགས་ལ་ཞིབ་བཤེར་ནན་མོ་བྱེད་པ། ལས་འཛོལ་ཚབས་ཆེན་མི་འབྱུང་བར་སྔོན་འགོག་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བཅས་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ལས་ཏང་ཀྲུང་དབྱང་གི་འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། འབད་འབུངས་ལྷུར་ལེན་དང་སྙིང་རུས་རྒྱུན་འཁྱོངས་སྒོས་མཁའ་དབུགས་ཀྱི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་ནན་མོ་གཏོང་དགོས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་གང་ལེགས་བྱས་ཏེ། ཐོན་ལས་དང་ནུས་ཁུངས། འགྲིམ་འགྲུལ་སོགས་ལྗང་མདོག་ཐཱན་ཉུང་གི་ཚུལ་སྒྱུར་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་དཔལ་འབྱོར་མ་ལག་འབད་པས་བཙུགས་ནས། འཕེལ་རྒྱས་ཀྱི་སྦས་ཤུགས་དང་གཏིང་ཤུགས་སྔར་ལས་ཆེ་རུ་བསྐྱེད་དགོས། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་རླུང་ཁམས་ཆེན་མོའི་འབག་བཙོག་འགོག་བཅོས་ལ་རྒྱ་ཁྱབ་ངང་ཞུགས་པར་སྐུལ་སློང་བྱེད་པ་དང་། དེ་འབྲེལ་གྱི་ཤེས་བྱ་ཁྱབ་བརྡལ་དང་སྲིད་ཇུས་དྲིལ་བསྒྲགས་ལ་སྔར་ལས་ཤུགས་སྣོན་པ། སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་གྱིས་ཨ་ལན་སྟེར་བ་བཅས་བྱས་ཏེ། མཁའ་དབུགས་ཀྱི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཁོར་ཡུག་གཙང་མ་ཞིག་བསྐྲུན་དགོས་ཞེས་བསྟན།

གྲོས་ཚོགས་ལས་དངུལ་ཁང་མིན་པའི་གཏོང་སྤྲོད་ལས་རིགས་འཕེལ་རྒྱས་གཏོང་བ་དེས་ཉོ་ཚོང་ལས་རིགས་སྔར་ལས་འཁྲུག་ཆ་ཅན་དུ་གཏོང་བ་དང་ཁྲོམ་ར་དར་རྒྱས་གཏོང་བར་ནུས་པ་གལ་ཆེན་འདོན་ཐུབ་ལ། དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དགེ་མཚན་ཅན་ཕུལ་ཡོད། གཏོང་སྤྲོད་སྒྲིག་གཞིས“མི་དམངས་ཀྱི་ཆེད་དུ་གཏོང་སྤྲོད་བྱེད་པའི”འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ནས། དངུལ་གྲངས་ཉུང་ངུ་དང་དམངས་ཕན་གྱི་དམིགས་ཡུལ་བརྟན་སྲུང་བྱེད་པ་དང་། ལས་རིགས་གཙོ་བོར་རྩེ་གཅིག་ཏུ་གཞོལ་བ། ཞབས་ཞུ་སྔར་ལས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། སྤྱོད་མཁན་གྱི་གཏོང་སྤྲོད་དང་རྩིས་ཞུའི་དགོས་མཁོ་སྔར་ལས་སྐོང་དགོས་ཞེས་བསྟན།

ཚོགས་ཐོག་ནས་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།