རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འཚོགས།
2023.11.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟླ11པའི་ཚེས24ཉིན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚའེ་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།

གྲོས་ཚོགས་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་གྱི་ལས་དོན་འདི་ཉིད་འགངས་ཆེན་དུ་བརྩིས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དང་ཧི་པེ་རུ་གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་ལས་དོན་ལ་གཟིགས་ཞིབ་གནང་སྐབས་དེ་འབྲེལ་གྱི་མཛུབ་སྟོན་གལ་ཆེན་གནང་ནས། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཐད་བླང་བྱ་གསར་པ་བཏོན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་བཏང་སྟེ། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་གྱིས་འགན་འཁྲི་གསར་པ་འཁུར་དགོས། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཀྱིས་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་གྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་སྔར་ལས་ཆེ་རུ་བཏང་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་ཏེ། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པར་བྱས་ཏེ། ཏང་ཀྲུང་དབྱང་གིས་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ལས་དོན་ལ་གཅིག་སྡུད་གཅིག་གྱུར་སྒོས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་དང་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ལས་རྒྱལ་སའི་འཆར་འགོད་ལག་བསྟར་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ལ་སྤྱི་འདོམས་མཐུན་སྦྱོར་གང་ལེགས་བྱེད་རྒྱུ་དང་ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བ། དོན་འཁྱོལ་ལ་སྐུལ་འདེད་བཅས་བྱ་རྒྱུར་ཤུགས་ཆེན་པོ་སྣོན་དགོས། པེ་ཅིང་གྲོང་ཁྱེར་གྱིས་རང་འཁྲིའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས། “ཞབས་ཞུ་བཞིའི”ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཀྱིས་མཉམ་དུ་འཆར་འགོད་ཡག་པོ་སྲུང་བའི་འགན་འཁྲི་འཁུར་ནས། པེ་ཅིང་གྲོང་ཁྱེར་གྱི་ལས་དོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་གཞི་གཅིག་ཅན་གྱི་བྱ་བའི་ལམ་སྲོལ་ནན་ཏན་ངང་བཟོས་ནས། ཕྱོགས་སོ་སོས་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་གྱི་ལས་འགན་སྣ་ཚོགས་དོན་འཁྱོལ་ཡོང་བར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

བན་དེ་སྐྱབས་ཀྱིས་བསྒྱུར།