ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།
2023.11.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ11པའི་ཚེས24ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་བཅུ་བདུན་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་ནས་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས་ཏེ་རེ་བ་བཏོན། དབྱང་ཧྥུན་ཁྲུན་དང་། ཀྲང་ཧོང་ཡོན། ལོས་ཀང་། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་དུ་ཞུགས།

གྲོས་ཚོགས་ནས་བསྟན་དོན། རྣམ་པ་གསར་བའི་བཟོ་ལས་ཅན་དང་འབྲི་ཆུའི་དཔལ་འབྱོར་ས་ཁུལ། དངུལ་ལོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་རྣམ་པ་ཆེན་པོ་གཞིར་བཟུང་ནས། བདེ་འཇགས་ཐོན་སྐྱེད་བྱ་བར་ཤུགས་སྣོན་པ་སོགས་ཐད་དུ་བྱེ་བྲག་གི་བཀོད་སྒྲིག་བྱེད་དགོས་ལ། དམངས་ཆེན་གྱི་བྱ་བའི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ་ནན་ཏན་གྱིས་ལག་ལེན་དངོས་འབེབས་དམ་འཛིན་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་ལ་རྐང་བཙུགས་ཏེ། ཧུར་ཐག་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་། ཚྭ་མཚོའི་ཐོན་ལས། དག་གཙང་ནུས་ཁུངས་ཐོན་ལས་སོགས་འབྲེལ་ཡོད་ཁྲིམས་འཛུགས་བྱ་བར་སྐུལ་འདེད་བཏང་སྟེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་གི་གཞོགས་འདེགས་འདོན་སྤྲོད་བྱེད་དགོས།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འབྲེལ་ཡོད་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པའི་ཆེད་དོན་བློ་འདྲིའི་བྱ་བ་བཟང་བོར་སྒྲུབ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་རོགས་འདེགས་བྱེད་དགོས། ཕྱོགས་ཡོངས་ནས་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་པ་དང་ཉེན་ཁར་དོགས་ཟོན་བྱེད་པ་གཙོ་གནད་དུ་བཟུང་སྟེ། དམངས་ཆེན་གྱི་ནོར་སྲིད་དཔལ་འབྱོར་གྱི་ལྟ་རྟོག་ནུས་པ་འདོན་སྤེལ་བྱེད་པ་དང་། མ་ལག་རང་བཞིན་གྱི་དངུལ་ལོར་ཉེན་ཁ་མི་འབྱུང་བར་བྱེད་པའི་ཆེས་མ་མཐའི་ཚད་ཐིག་བརྟན་སྲུང་བྱེད་དགོས། མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་རུ་བཀུར་བ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ཧྲིལ་བོའི་བདེ་འཇགས་ཁྲིམས་སྐྱོང་འདུ་ཤེས་དང་ལྟ་རྟོག་དོ་དམ་གྱི་ཁྲིམས་འཛིན་ཤུགས་ཚད་ཇེ་དྲག་ཏུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་། སྤྱི་ཚོགས་ཀྱི་འཆམ་མཐུན་གཏན་འཇགས་ལ་འགན་སྲུང་བྱེད་དགོས།

གྲོས་ཚོགས་ནས་ད་རུང་བརྗོད་དོན་སློབ་གསོའི་བསྐྱར་ཞིབ་དང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་མཐོ་སའི་འཛུགས་སྐྲུན་གྱི་ཁྲིམས་འཛུགས་བྱ་བ། དམངས་ཚིས་དོན་དངོས་ལས་གཞིའི་དམངས་ཆེན་འཐུས་མིས་འདེམ་ཤོག་འཕེན་པའི་ཐབས་ལ་བརྟེན་ནས་བསམ་འཆར་ལག་བསྟར་བྱེད་པ་སོགས་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།