​མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ཞིན་ཅང་དུ་རྟོག་ཞིབ་བྱས།
2023.11.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ11པའི་ཚེས23ཉིན་ནས་ཚེས24ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་སུ་རྟོག་ཞིབ་བྱེད་པར་སོང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱེད་པ་དང་། ཞིན་ཅང་གི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་དཔེ་ལྟ་བྱས་ནས། འཐབ་ཇུས་སྦྲེལ་མཐུད་དང་ས་ཁུལ་གཉིས་ཀྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་། ཞིན་ཅང་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི། དམག་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི་དང་པོ། ཆབ་སྲིད་ཨུ་ཡོན་དང་པོ་མཱ་ཞིན་རོས་དང་། རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཨེ་ཨར་ཁུན་ཐུའུ་ནི་ཡཱ་ཙི་གཉིས་ཀྱིས་ཝུའུ་ལུའུ་མུའུ་ཆི་ནས་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་བཞུགས་མོལ་བྱས།

ཞིན་ཅང་རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཙུའུ་མུའུ་རི་ཐིས་ཝུའུ་པུའུ་ལི་དང་། རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། དམག་ཚོགས་ཀྱི་ཆབ་སྲིད་ཨུ་ཡོན་ལིས་ཡེ་ཧྥེ། རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཧི་ཀྲུང་ཡིའུ་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

མཱ་ཞིན་རོས་ཀྱིས་ཞིན་ཅང་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་། དམག་ཚོགས་བཅས་ཀྱི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཞིན་ཅང་དུ་རྟོག་ཞིབ་བརྗེ་རེས་བྱེད་པར་ཡོང་བར་དགའ་བསུ་ཞུས། ཁོས་བཤད་རྒྱུར། ད་ལོའི་ཟླ་གསུམ་པར་ཞིན་ཅང་གི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་སོང་ནས་སློབ་སྦྱོང་རྟོག་ཞིབ་བྱས་པའི་ཚུན་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་མཉམ་ལས་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་ཞིང་། ནུས་ཁུངས་དང་འགྲིམ་འགྲུལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་སྔར་ལས་རྒྱ་བསྐྱེད། ཐེངས་འདིར་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཞིན་ཅང་དུ་རྟོག་ཞིབ་བྱེད་པར་ཡོང་བ་ལས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པར་མཐོང་ཆེན་བྱེད་པ་མཚོན་ལ། དུས་རབས་གསར་བའི་ཕྱོགས་གཉིས་ཀྱི་མཉམ་ལས་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་ཐུབ་ངེས་རེད། ཅང་མ་འགོར་བའི་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལོ་གཅིག་གི་རྗེས་སུ་ཡང་བསྐྱར་ཞིན་ཅང་དུ་ཕེབས་ཏེ། རང་སྐྱོང་ལྗོངས་དང་དམག་ཚོགས་བྱ་བའི་སྙན་ཞུར་གསན་པར་མ་ཟད་གསུང་བཤད་གལ་ཆེན་གནང་ནས། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་སྔར་ལས་མཛེས་སྡུག་ལྡན་པའི་ཞིན་ཅང་འཛུགས་སྐྲུན་བྱེད་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཞིན་ཅང་གིས་མངགས་བཅོལ་ཡིད་ལ་དམ་པོར་བཅངས་པ་དང་དྲིན་གཟོ་འབད་འཐབ་བྱས་ཏེ། ཕྱོགས་ཡོངས་ནས་དུས་རབས་གསར་བའི་ཏང་གི་བཅོས་སྐྱོང་ཐབས་ཇུས་དེ་འཐུས་ཚང་དང་ཡང་དག་པར་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཡུན་རིང་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་རང་བཞིན་དང་རྨང་གཞིའི་རང་བཞིན། རྒྱང་རིང་རང་བཞིན་བཅས་ཀྱི་བྱ་བར་སྐུལ་འདེད་བཏང་སྟེ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་བར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཞིན་ཅང་གསར་བའི་ལེའུ་འབྲི་དགོས། ཞིན་ཅང་དང་མཚོ་སྔོན་གྱིས་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་དང་ཐོན་ཁུངས་ནུས་ཁུངས་ཀྱི་བདེ་འཇགས། སྐྱེ་ཁམས་བདེ་འཇགས་སོགས་ཐད་དུ་འཐབ་ཇུས་འགན་འཁྲི་གལ་ཆེན་ཁུར་དུ་བླངས་ཡོད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་པའི་འཐབ་ཇུས་གོ་སྐབས་གལ་ཆེན་ལ་འཕྲད་ཡོད། མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད་ལ། ཞིན་ཅང་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་ལག་རྡང་སྦྲེལ་ནས་ཞབས་ཞུ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ནང་ཚུད་པའི་སྦས་ཤུགས་དང་ཁྱད་སྟོབས་མངོན་གསལ་དུ་འགྱུར་བཞིན་ཡོད། ཕྱོགས་གཉིས་ཀྱིས་ཟོལ་མེད་ཀྱིས་མཉམ་ལས་རྐྱེན་སྲོལ་ནུས་པ་འདོན་སྤེལ་བྱེད་པ་དང་། རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་ཟབ་མོ་སྲུང་འཛིན་བྱེད་པ། མཉམ་ལས་ལས་དོན་གལ་ཆེན་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ། ཧུར་ཐག་སྒོས་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ། མི་རིགས་ཆོས་ལུགས་སོགས་ཀྱི་བྱ་བའི་བརྗེ་རེས་དཔེ་ལྟར་ཤུགས་སྣོན་པ། མཉམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་ཐད་བྱས་རྗེས་འཇོག་དགོས་ཟེར།

ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ཏེ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཨུ་དང་། སྲིད་གཞུང་། དམག་ཚོགས་བཅས་ཀྱིས་དུས་ཡུན་རིང་བོར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཞིན་ཅང་དང་མཚོ་སྔོན་ནི་མེས་རྒྱལ་ནུབ་ཕྱོགས་ས་ཁུལ་དུ་གནས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ཁྲོད་དམིགས་བསལ་གྱི་གོ་གནས་གལ་ཆེན་ཟིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་བ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱེད་པ་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱིས་ཁུར་དུ་བླངས་པའི་ཐུན་མོང་གི་འགན་འཁྲི་དང་ལས་འགན་ཡིན། ཞིན་ཅང་ནི་རང་རྒྱལ་གྱི་ནུབ་ཕྱོགས་སུ་སྒོ་འབྱེད་པའི་ཐོག་མའི་བཙན་རྫོང་ལྟ་བུ་ཡིན་པས། འཐུས་ཚང་ཞིང་ཡང་དག་པའི་སྒོ་ནས་དུས་རབས་གསར་བའི་ཏང་གིས་ཞིན་ཅང་སྐྱོང་བའི་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་གཏན་འཇགས་དང་ཡུན་རིང་བདེ་འཇགས་ཀྱི་སྤྱིའི་དམིགས་འབེན་དམ་པོར་བཟུང་སྟེ། བཅོས་སྒྱུར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་གོང་འཕེལ། མཐའ་སྲུང་སྲ་བརྟན་བཅས་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་བཏང་ནས། ཀྲུང་གོའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་སྔར་ལས་ལྷག་པའི་སྒོ་ནས་ཞིན་ཅང་གསར་བ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་དུ་ཞུགས་ཡོད། ཞིན་ཅང་གིས་བླངས་པའི་ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་མཚོ་སྔོན་ལ་མིག་དཔེ་བསྟན་ཡོད་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་ཆེན་མོ་བསྐྲུན་ཡོད། ཞིན་ཅང་གིས་ཁྲིམས་ལྟར་ཞིན་ཅང་བཅོས་སྐྱོང་བྱེད་པ་དང་མི་རིགས་དང་ཆོས་ལུགས་ལས་དོན་ལ་བཅོས་སྐྱོང་བྱེད་པ་སོགས་ཐད་ཀྱི་ཉམས་མྱོང་དང་བྱེད་ཐབས་བཟང་བོར་ང་ཚོས་ནན་ཏན་གྱིས་སློབ་སྦྱོང་དང་དཔེ་ལྟ་བྱེད་པའི་རིན་ཐང་ཡོད་ཟེར། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱིས་རང་རང་གི་ཁྱད་སྟོབས་འདོན་སྤེལ་དང་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ལག་རྡང་སྦྲེལ་ཏེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཁྲོད་འདྲེས་པར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་སོགས་ཀྱི་ཐད་ནས་འབྲེལ་འདྲིས་རོགས་ལས་གང་ལེགས་བྱས་ཏེ། དོན་དངོས་འགུལ་སྐྱོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་རླབས་ཆེན་ཇུས་གཞི་དེ་མངོན་འགྱུར་བྱེད་པ་དང་། རྒྱུན་ཆད་མེད་པར་ས་ཁུལ་གཉིས་ཀྱི་སྤྱི་ཚོགས་ཆེ་ཕྱོགས་ཀྱི་འཆམ་མཐུན་གཏན་འཇགས་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཞིན་ཅང་དུ་རྟོག་ཞིབ་བྱེད་སྐབས། རང་ཞིང་གི་ཏང་སྲིད་འཐུས་ཚབ་ཚོགས་པ་ཁཱ་ཧྲི་གྲོང་ཁྱེར་གྱི་ནེ་ཙེ་པཱ་ཀི་གྲོང་རྡལ་གྱི་མདུན་སྐྱོད་སྡེ་བ་གཉིས་པ་དང་། ཝུའུ་སི་ཐང་པའོ་ཡེ་སྡེ་ཁུལ། ཞིན་ཅང་དབྱི་སི་ལན་ཆོས་ལུགས་སློབ་གླིང་གི་ཁཱ་ཧྲིའི་ཡན་ལག་ཁང་། ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་ཐེན་ཧྲན་ས་ཁུལ་ཀུའུ་ཡོན་ལམ་སྡེ་ཁུལ། ཞིན་ཅང་རྒྱལ་སྤྱིའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བའི་དམངས་ཕན་ཉེན་རྟོག་ས་ཚིགས་སོགས་སུ་སོང་ནས། སྤྱི་ཚོགས་གཏན་འཇགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན། གཞི་རིམ་གྱི་བཅོས་སྐྱོང་། དམངས་ཚིས་ལེགས་བཅས་སོགས་ཀྱི་བྱ་བར་སྲུང་སྐྱོབ་བྱེད་པར་དམིགས་ནས་རྟོག་ཞིབ་དང་བརྗེ་རེས་བྱས།

ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་པ་ཝང་མེན་ཧྲན་དང་། ཧཱ་ཏན་ཁ་པེན། ཞུའེ་པེན། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་པ་དབྱང་ཧྥ་སིན། ཀྲུའུ་ཞང་ཧྥུན་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།