རྒྱལ་སྲིད་སྤྱི་ཁྱབ་ཁང་རིམས་ནད་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་ཟླ11པའི་ཚེས24ཉིན་བརྡ་ཐོ་བཏང་ནས། ས་གནས་སོ་སོས་དགུན་དཔྱིད་དུ་པྲོག་གསར་གློ་ཚད་རིམས་ནད་དང་དེ་ལས་གཞན་པའི་འགོས་ནད་གཞན་དག་གི་འགོག་སྡོམ་བྱ་བ་ཡག་པོར་བསྒྲུབ་དགོས་པའི་བླང་བྱ་བཏོན། 《བརྡ་ཐོའི》ནང་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་རང་རྒྱལ་ལ་པྲོག་གསར་གློ་ཚད་རིམས་ནད་དང་ཆམ་རིམས། གློ་ཚད་སོགས་དབུགས་ལམ་གྱི་ནད་རིགས་སྣ་ཚོགས་མཉམ་དུ་ཁྱབ་པའི་རྣམ་པ་འབྱུང་སྲིད་པས། ས་གནས་སོ་སོས་འགག་སྒོའི་རིམས་ནད་འགོག་སྡོམ་དོན་འཁྱོལ་ཏན་ཏིག་བྱས་ནས། རིམས་ནད་ཀྱི་འགུལ་རྣམ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ཉེན་ཟོན་ཉེན་བརྡ་རྒྱུན་མཐུད་ངང་གཏོང་རྒྱུ་དང་། རྒན་གསོ་ཁང་དང་བྱིས་སྐྱོང་ཁང་། སློབ་གྲྭ སྤྱི་ཚོགས་ཕན་བདེ་སོགས་ཀྱི་སྒྲིག་གཞི་དང་དེ་བཞིན་འཚུབ་རྒྱག་ཆེ་བའི་ས་ཁུལ་དུ་འགོག་སྡོམ་ལ་ཤུགས་སྣོན་དགོས་ལ། སྨན་བཅོས་སྲོག་སྐྱོབ་ཀྱི་གྲ་སྒྲིག་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། སྨན་བཅོས་ཐོན་ཁུངས་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ། འབྲེལ་ཡོད་སྲོག་སྐྱོབ་སྨན་རྫས་ཀྱི་ཐོན་སྐྱེད་དང་མཁོ་འདོན་འགན་སྲུང་ལ་ཤུགས་སྣོན་པ་སོགས་བྱེད་དགོས་ཞེས་བསྟན་ཡོད། 《བརྡ་ཐོའི》ནང་ས་གནས་སོ་སོས་རྒྱུན་ལྡན་དང་ཛ་དྲག་གི་སྐབས་སུ་དེ་བསྟུན་གྱི་བྱེད་ཐབས་སྤྱོད་པར་གྲ་སྒྲིག་ཡག་པོ་བྱས་ནས། གཅིག་སྡུད་རང་བཞིན་གྱི་ནད་ཡམས་བྱུང་ཡོད་པ་ཤེས་མ་ཐག དུས་ཐོག་ཏུ་ཡར་ཞུ་བྱེད་པ་དང་མགྱོགས་མྱུར་ངང་ཁ་གཏད་འཇལ་བ། ཐག་གཅོད་ནུས་ལྡན་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།