ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་མེན་ཧི་རྫོང་དང་ལི་ཏུའུ་ཆུའུ། ཕེན་ཨན་ཆུའུ་བཅས་སུ་རྟོག་ཞིབ་བྱས།
2023.11.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ11པའི་ཚེས25ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། ལི་ཏུའུ་ཆུའུ། ཕེན་ཨན་ཆུའུ་བཅས་སུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཐུས་སྒོ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་མ་མཐའི་ཚད་ཐིག་བརྟན་པོར་སྲུང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་བྱེད་པ་གཉིས་སྦྲེལ་མཐུད་གང་ལེགས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་འདོམ་སྐུལ་འདེད་གཏོང་དགོས་ཟེར།

མིན་ཧི་རྫོང་གི་ཐེན་ལེ་ཀོས་ཐོན་ལས་ཚད་ཡོད་འགན་འཁྲི་ཀུང་ཟི་དང་། མཚོ་སྔོན་ནུབ་ཕྱོགས་ཆུ་གློག་ཚད་ཡོད་ཀུང་ཟི། ཧེ་ཧོང་རྒྱལ་སྤྱིའི་ཉོ་ཚོང་ཕྱོགས་བསྡུས་ཚོགས་པ་བཅས་ནས། ཝུའུ་ཞའོ་ཅུན་འཁོར་ཁང་དང་བཟོ་གྲྭའི་ཁང་བ། ཚོང་ར་བཅས་སུ་སོང་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དངོས་འབེབས་དང་མེ་གསོད་བདེ་འཇགས། སྦགས་བཙོག་འགོག་བཅོས། ཐོན་སྐྱེད་ཚོང་གཉེར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཐོན་སྐྱེད་དེ་གོ་གནས་གལ་ཆེན་དུ་བཞག་ནས། བདེ་འཇགས་ཀྱི་འཕེལ་རྒྱས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། བདེ་འཇགས་ཚད་ལྡན་གྱི་ལས་རིམ་ནན་མོ་བྱེད་པ། བདེ་འཇགས་སློབ་གསོའི་གསོ་སྦྱོང་ལ་ཤུགས་སྣོན་བྱེད་པ། ཉིན་རྒྱུན་གྱི་མི་མངོན་པའི་ཉེན་ཁའི་གཙང་སེལ་བྱ་བ་དམ་འཛིན་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་མ་མཐའི་ཚད་ཐིག་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས་ཟེར།

ལི་ཏུའུ་ཆུའུ་ཧོང་ཧྲོས་གྲོང་རྡལ་གྱི་མཐོ་སྒང་ལྷད་མེད་སྔོ་ཚལ་གསོ་སྤེལ་རྟེན་གཞི་དང་ལི་ཏུའུ་ཆུའུ་ཀའོ་ཐེན་གྲོང་རྡལ་དུ། ཝུའུ་ཞའོ་ཅུན་གྱིས་འདེབས་འཛུགས་གསོ་སྤེལ་དང་སྔོ་ཚལ་གྱི་ཐོན་སྐྱེད། ཐོན་ལས་མཉམ་འདྲེས། མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་དང་རྒྱུས་ལོན་བྱས། ཕེན་ཨན་ས་ཁུལ་གྱི་ཀུའུ་ཁྲིན་ཡུལ་ཚོའི་ཧྲི་པུས་སྡེ་བའི་ནོར་གནག་ཐོན་ལས་ར་བ་དང་། ཧྲི་པུས་སྡེ་བའི་པད་མ་རི་བོའི་གངས་འཁྱག་གི་འཇིག་རྟེན་བཅས་ནས། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་གྲོང་གསེབ་ཐོན་ལས་ཀྱི་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ། རིག་གནས་དང་ཡུལ་སྐོར་གྱི་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཚན་རྩལ་ལས་ཞིང་ལས་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྒུལ་ནུས་སྩོལ་བ་དང་། ཞིང་ལས་ཐོན་སྐྱེད་ཀྱི་རྣམ་པ་ལེགས་བསྒྱུར་བྱེད་པ། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་གཏོད་དང་སྒྲིག་ཆས་ཀྱི་གཞོགས་འདེགས་ལ་ཤུགས་སྣོན་བྱེད་པ། འཇོན་མིའི་ལག་རྩལ་དང་དཔལ་འབྱོར་རྣམ་པའི་ནང་འགུག་ལ་ཤུགས་སྣོན་པ། གཞི་རྒྱ་ཅན་གྱི་དཔེ་སྟོན་འདེབས་འཛུགས་ལ་སྐུལ་འདེད་གཏོང་བ། མཐོ་སྒང་གི་འཁྱག་ཐུབ་པའི་སྔོ་ཚལ་གྱི་ཚོང་རྟགས་གསར་བསྐྲུན་བྱས་ཏེ། ཕྱོགས་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཐོན་ཁུངས་ལ་རྐང་བཙུགས་ནས་ཁྱད་ལྡན་ཐོན་ལས་བཟང་བོར་བསྒྲུབས་པ་དང་། གྲོང་གསེབ་ཐོན་ལས་ཀྱི་རྣམ་པ་བཟང་བོ་གསོ་སྤེལ་བྱེད་པ། ཞིང་ལས་ལ་སྐུལ་ཁྲིད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཧུར་ཐག་སྒོས་ཐོན་ལས་ཡོང་འབབ་འཕར་ནས་ཕྱུག་འགྱུར་བྱེད་པའི་ཐབས་ལམ་གསར་བ་ཞིག་ཏུ་བགྲོད་དགོས། སྡེ་བའི་འཆར་འགོད་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། ས་གནས་ཀྱི་ཁྱད་ཆོས་དང་ས་ཁོངས་ཀྱི་ཁྱད་ཆོས་ལ་རྐང་བཙུགས་ནས་སྡེ་བའི་རྣམ་པ་བསྒྱུར་དགོས་ལ། མཐོ་སྒང་གི་འཚོ་གཞེས་ལས་སྤེལ་དང་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཟེར།

རྟོག་ཞིབ་བྱེད་སྐབས་ཝུའུ་ཞའོ་ཅུན་མེན་ཧི་རྫོང་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ་སོང་ནས། བདེ་འཇགས་འཛུགས་སྐྲུན་གྱི་དང་པོ་བཅུའི་བྱ་བ་སྤེལ་བ་དང་། གཞི་རིམ་གྱི་འགལ་བ་ཞི་འཇགས་སུ་གཏོང་བའི་འདུམ་འགྲིག་ཞབས་ཞུའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ལས་ཡུལ་དང་པོའི་ལས་བྱེད་མི་སྣར་འཚམས་འདྲི་བྱས་པར་མ་ཟད། འཕྲིན་བཅར་མང་ཚོགས་སྣེ་ལེན་བྱས་ནས། ནན་ཏན་གྱིས་མང་ཚོགས་ཀྱི་རེ་འདོད་ལ་ཉན་པ་དང་། ཐག་གཅོད་ཇུས་གཞིར་མཉམ་དུ་ཞིབ་འཇུག་བྱས། ཁོས་བཤད་རྒྱུར། འཕྲིན་བཅར་བྱ་བ་ནི་སྒོ་ཁར་སྐྱེལ་བའི་མང་ཚོགས་བྱ་བ་ཡིན་པས། དམངས་ཀྱི་དཀའ་ཁག་སེལ་བ་དང་ཏང་དོན་དུ་སེམས་ཁུར་བྱེད་པའི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་དུ་བླངས་ཤིང་། ཧྥུན་ཆའོ་ཉམས་མྱོང་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་བྱས་ཏེ། དམངས་དོན་བསམ་པའི་བརྩེ་བ་བཅངས་ནས་ཁྲིམས་སྲོལ་སྲིད་ཇུས་ལྟར་འཕྲིན་བཅར་གྱི་འབུར་ཐོན་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས་ལ། བརྩེ་བ་རྣལ་མས་མང་ཚོགས་ལ་དོན་དངོས་དང་དོན་བཟང་བསྒྲུབ་དགོས་ཟེར།

ཝུའུ་ལཱ་ཙི་པེ་ཁི་རི་སུའུ་ལེ་ཧན་གྱིས་མཉམ་དུ་རྟོག་ཞིབ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།