ཟླ11པའི་ཚེས24ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་འཕྲིན་བཅར་ཅུའུ་རུ་རྟོག་ཞིབ་བྱས་པ་དང་འཕྲིན་བཅར་མང་ཚོགས་ཐད་ཀར་དུ་སྣེ་ལེན་བྱས།
ཞིང་ཆེན་འཕྲིན་བཅར་ཅུའུ་རུ། མགོན་པོ་བཀྲ་ཤིས་ཀྱིས་འཕྲིན་བཅར་སྣེ་ལེན་ཁང་ནས། ཡུལ་དངོས་ནས་འཕྲིན་བཅར་བྱེད་པར་ཡོང་བའི་འཐུས་མིར་སྣེ་ལེན་བྱས་པ་དང་། ནན་ཏན་གྱིས་མང་ཚོགས་ཀྱི་རེ་འདོད་དང་བསམ་འཆ། གྲོས་གཞི་བཅས་ལ་ཉན་པ་དང་། གནད་དོན་གྱི་འབྱུང་རྩ་དང་ཐག་གཅོད་བྱེད་པའི་དཀའ་གནད། ཐག་གཅོད་བྱས་པའི་གནས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། འཕྲིན་བཅར་བྱེད་པར་ཡོང་བའི་མང་ཚོགས་དང་འབྲེལ་ཡོད་སྡེ་ཁག་སོགས་དང་མཉམ་དུ་ཐག་གཅོད་བྱེད་ཐབས་ལ་ཞིབ་འཇུག་བྱས་ནས། ཐག་གཅོད་བྱེད་པའི་བསམ་འཆར་བཏོན་པ་དང་དམིགས་འབེན་འགན་འཁྲི་གསལ་བོར་བཏོན་ལ། བྱེ་བྲག་གི་བྱ་བར་བཀོད་སྒྲིག་བྱས་ཏེ། འཕྲིན་བཅར་བྱེད་པར་ཡོང་བའི་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་རེ་རེ་བཞིན་ལན་བཏབ་པ་དང་། འབྲེལ་ཡོད་སྡེ་ཁག་གིས་རྗེས་འདེད་ལྟ་རྟོག་ཐག་གཅོད་ལ་ཤུགས་སྣོན་བྱས་ནས། གནད་དོན་དེ་མྱུར་མོར་ཐག་གཅོད་འོས་འཚམ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། འཕྲིན་བཅར་བྱ་བ་ནི་ཏང་གི་མང་ཚོགས་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློར་རྒྱུས་ལོན་བྱེད་སའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན་ལ། ལས་བྱེད་པའི་ནུས་པ་དང་སྤྱོད་ཚུལ་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བརྩེ་བ་ཆེན་པོས་མང་ཚོགས་ཀྱི་འཕྲལ་དཀའ་སྒུག་གི་གནད་དོན་ཐག་གཅོད་བྱས་ནས། འཕྲིན་བཅར་གནད་དོན་གྱིས་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ དམངས་དོན་དུ་དཀའ་ཁག་སེལ་བ་དང་ཏང་དོན་དུ་སེམས་ཁུར་བྱེད་པའི་ཆབ་སྲིད་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་འཛིན་པ་དང་། མི་དམངས་ཀྱི་བརྩེ་བ་སྲུང་འཛིན་བྱས་ཏེ། བརྩེ་བ་ཡོད་ལ་འགན་ཁུར་བའི་སྒོ་ནས་ཁྲིམས་སྲོལ་ལ་བརྟེན་པ་རྒྱུན་འཁྱོངས་དང་། རིགས་དགར་བར་དོ་སྣང་བྱེད་པ། ནན་ཏན་གྱིས་འཕྲིན་བཅར་མང་ཚོགས་ལ་སྣེ་ལེན་བྱས་ནས། འགལ་བའི་གནད་དོན་གྱི་འབྱུང་རྩའི་བཅོས་སྐྱོང་ལ་ཤུགས་སྣོན་དང་། ཕྱོགས་ཡོངས་ནས་མང་ཚོགས་གྱི་ཐོན་སྐྱེད་དང་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པའི་དཀའ་ཁག་དང་གནད་དོན་བརྩད་ཞིབ་བྱས་ཏེ། དུས་ངེས་མེད་དུ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཇོག་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་དཀའ་ཁག་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་ཇེ་དྲག་ཏུ་གཏོང་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།