ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2023.11.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ11པའི་ཚེས27ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས་ཤིང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དང་ཧི་པེ་རུ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་གཟིགས་ཞིབ་མཛད་སྐབས་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱིས། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་ཐུགས་ཁུར་གནང་བ་མཚོན་ལ། མི་དམངས་བླ་ན་མེད་པའི་དམངས་བསམ་བརྩེ་བ་མངོན་པར་བྱས་ཡོད། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་བྱེད་པ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆབ་སྲིད་གྲུབ་འབྲས་ལྟ་བ་བརྟན་པོར་འཛུགས་པ། རྨང་གཞི་འདིང་བ་དང་ཡུན་རིང་ལ་རྐང་འཛུགས་པ། དམངས་ཚིས་ལ་ཕན་འདོགས་པའི་བྱ་བ་མང་པོ་སྒྲུབ་པ། ཞན་ཆ་ཁ་གསབ་བྱེད་པ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བ། རྨང་གཞི་ཇེ་བརྟན་དུ་གཏོང་བའི་བྱ་བ་མང་པོ་སྒྲུབ་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་ཇེ་དྲག་ཏུ་གཏོང་དགོས། རྨ་སྟོད་ས་འགུལ་དང་རྟ་ཐང་ཆུ་ལོག་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བ་རྒྱུན་མཐུད་ངང་དམ་འཛིན་བྱེད་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་སྣེ་ཁྲིད་བྱེད་པ། འགོ་ཁྲིད་ལས་བྱེད་པས་མེ་འགོག་བདེ་འཇགས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ལས་འགན་ལག་བསྟར་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་རིགས་མི་འདྲ་བའི་གནོད་འཚེ་དོན་རྐྱེན་སྔོན་འགོག་བྱེད་པ་དང་ཁ་གཏད་འཇལ་བའི་བྱ་བ་བཟང་བོར་བསྒྲུབ་དགོས། མི་དམངས་ཀྱི་ཆེད་དུ་དོན་དངོས་བསྒྲུབ་རྒྱུ་དེ་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱས་ནས། མང་ཚོགས་ཡིད་ཚིམ་ཚད་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2023ལོའི་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་ཝུའུ་ཀྲིན་རྩེ་ཚོགས་ཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་གི་བརྙན་རིས་ཤིས་ཚིག་གིས། མཉམ་དུ་དྲ་རྒྱའི་བར་སྟོང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་ཁ་ཕྱོགས་གསལ་བོ་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། མུ་མཐུད་དུ་སྦས་ཤུགས་སྔོག་འདོན་བྱེད་པ་དང་དགེ་མཚན་བསྐྲུན་ནས། གཞི་གྲངས་དཔལ་འབྱོར་དང་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པ་གཉིས་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་དགོས། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་གཙོ་བོ་བརྟན་སྲུང་བྱེད་པ་དང་། ཆབ་སྲིད་གླེང་བ་དེ་དྲ་ཐོག་ནས་ལྟ་ཚུལ་གླེང་བ་དང་གླེང་ཕྱོགས་ལ་སྣེ་ཁྲིད་བྱེད་པ། འདྲེན་བྱེད་གསར་གཏོད་བྱེད་པ། དྲང་ཕྱོགས་ཀྱི་ནུས་ཚད་བརྒྱུད་སྒྲོག་བྱེད་པ་སོགས་ཀྱི་བྱ་སྤྱོད་སྟེང་དོན་འཁྱོལ་བྱས་ནས། གླེང་ཕྱོགས་གཙོ་བོ་དེ་ནམ་ཡང་དྲ་རྒྱའི་བར་སྟོང་གི་སྒྲ་དྲག་ཤོས་སུ་འགྱུར་བར་བྱེད་པ་དང་། དྲ་རྒྱར་དོ་དམ་དང་དྲ་རྒྱར་བཅོས་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་གཙོ་འཛིན་གྱི་མཇལ་འཕྲད་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་སུམ་ཅུ་པ། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གནད་དོན་གྱི་དམིགས་བསལ་བརྙན་རིས་རྩེ་ཚོགས་བཅས་ཀྱི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་རྒྱལ་ཁབ་སོ་སོའི་འགོ་ཁྲིད་མི་སྣའི་བར་གྱི་ཐུན་མོང་གི་ལྟ་བ་ལག་བསྟར་ནན་མོ་བྱེད་པ། རང་རྟོགས་སྒོས་མཚོ་སྔོན་གྱི་བྱ་བ་དེ་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ཆེན་པོའི་ཁྲོད་བཞག་ནས་ཞིབ་ལྟ་བྱས་ཏེ། རང་འགུལ་གྱིས་རྒྱལ་ཁབ་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས། བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་འཛམ་གླིང་ཡོངས་ཀྱིས་ནམ་ཟླའི་འགྱུར་ལྡོག་གི་འགྲན་རྩོད་ལ་ཁ་གཏད་འཇལ་བ་སོགས་ཕྱོགས་ནས། རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་གཞུང་ལུགས་རྨང་གཞི་དང་གོ་དོན་ཕུན་སུམ་ཚོགས་པ། དེའི་ཁྲོད་ཀྱི་ཚན་རིག་བྱེད་ཐབས་བཅས་ཁོང་དུ་ཆུད་པར་བྱེད་པ། སློབ་སྦྱོང་གསོ་སྦྱོང་དང་བརྗེ་རེས་བགྲོ་གླེང་གཏིང་ཟབ་ཏུ་སྤེལ་བ། མཚོ་སྔོན་གྱི་རང་བྱུང་རིག་གནས་དང་མི་རིགས་རིག་གནས། དམར་པོའི་རིག་གནས་སོགས་ཁྱད་ལྡན་རིག་གནས་ཐོན་ཁུངས་སྔོག་འདོན་གང་ལེགས་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས། རིག་གནས་འཛུགས་སྐྲུན་གྱི་འཛིན་བྱེད་སྐྱེད་སྲིང་དང་གསར་གཏོད་བྱས་ཏེ། རང་ཞིང་གི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་བསྟན་དོན། དུས་རབས་གསར་བའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་མཚོ་སྔོན་གྱི་བྱ་བར་མཚོན་ན་དོན་སྙིང་ཆེན་པོ་ལྡན་པས། བློ་མཐུན་མའོ་ཙེ་ཏུང་གི་མཆན་བཀོད་མཛུབ་སྟོན་ལྟར་ཧྥིན་ཆའོ་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ་དང་ཁྱབ་གདལ་དུ་བཏང་ནས་ལོ་ངོ་དྲུག་ཅུ་འཁོར་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་ལྟར་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་གོང་འཕེལ་བཏང་ནས་ལོ་ངོ་ཉི་ཤུ་འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་གྱི་རེ་བ་ལྟར། ཧྥིན་ཆའོ་ཉམས་མྱོང་གི་མཚོ་སྔོན་གྱི་ལག་ལེན་རྒྱུན་མ་ཆད་པར་འཚོལ་ཞིབ་བྱས་ཏེ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ཕྱོགས་སོ་སོར་འདྲེས་པར་བྱེད་དགོས། དཔྱད་འཇོག་མ་ལག་ལེགས་སྒྱུར་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་བཀོལ་སྤྱོད་བཟང་བོ་བྱེད་པ། འགོ་ཁྲིད་ལས་བྱེད་པས་ཞུ་གཏུག་དང་ལེན་བྱེད་པ་དང་འཚམས་འདྲི་བྱེད་པར་སྐུལ་འདེད་གཏོང་བ། ཟླ་གཉིས་ཀྱི་བཀོད་གཏོང་རྒྱུན་མཐུད་ངང་སྤེལ་ནས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། འབྲུ་རིགས་བདེ་འཇགས་ནི་རྒྱལ་དོན་གལ་ཆེན་ཡིན་པས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ། ཞིང་མིན་ཅན་དང་ཞིང་ས་རུ་འབྲུ་རིགས་མི་འདེབས་པར་གཏན་ནས་བཀག་འགོག་བྱེད་པ། ཞིང་ས་བཟང་བོའི་སྟེང་འབྲུ་རིགས་འདེབས་པ་དང་ལག་རྩལ་ལ་བརྟེན་ནས་འབྲུ་རིགས་ཐོན་ཚད་ཇེ་མཐོར་གཏོང་བ་རྒྱུན་འཁྱོངས་བྱས་ནས། ཆུ་ཚད་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པ་དང་རྒྱ་ཁྱོན་ཆེར་བསྐྱེད་པ། སྤུས་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས། རྨོ་ཞིང་སྲུང་སྐྱོབ་དང་འབྲུ་རིགས་བདེ་འཇགས་ཐད་ནས་ཏང་སྲིད་འགན་གཅིག་བྱེད་པ་དང་། མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་པ། གོང་འོག་མཉམ་འབྲེལ་ཟབ་མོ་བྱེད་པ། ཚོད་འཛིན་ཇེ་དྲག་ཏུ་བཏང་སྟེ། རྨོ་ཞིང་གི་དམར་མཚམས་བརྟན་སྲུང་བྱེད་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་གཞི་རྩ་ཇེ་བརྟན་དུ་གཏོང་དགོས།

ཚོགས་ཐོག་ནས་བསྟན་དོན། གསར་སྤེལ་ཁུལ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ར་གཙོ་བོ་དང་ཐོན་ལས་འདུ་རུབ་ཀྱི་གཡུལ་ས་གཙོ་བོ་ཡིན་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། མཐོ་ས་གསར་སྐྲུན་དང་གནས་བཞི་འཛུགས་སྐྲུན་གྱི་དམིགས་འབེན་ལ་གཙིགས་འཛིན་བྱེད་པ། གསར་སྤེལ་ཁུལ་གྱི་དོ་དམ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། སྐྱེ་ཁམས་གཙོར་འཛིན་པ་དང་ལེགས་བསྡུས་གྲོན་ཆུང་། ལྗང་མདོག་ཐཱན་ཉུང་འབུར་དུ་ཐོན་པར་བྱེད་པ། གསར་སྤེལ་ཁུལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་རོགས་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཤེས་བྱའི་བདག་དབང་གི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི2020ལོ་ནས2035ལོའི་རྩ་གནད་དང་སྤུས་ཚད་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྩ་གནད་ཀྱི་བཀོད་སྒྲིག་ལྟར། གནད་འགག་ལག་རྩལ་ལ་དམིགས་ནས་ཚན་རྩལ་གྱི་འགག་རྒོལ་ལ་ཤུགས་སྣོན་པ་དང་། ཤེས་བྱའི་བདག་དབང་གི་སྲུང་སྐྱོབ་བེད་སྤྱོད་ལ་ཤུགས་སྣོན་པ། ཆུ་ཚད་མཐོ་བའི་ཤེས་བྱའི་བདག་དབང་ཞབས་ཞུ་འདོན་སྤྲོད་བྱེད་པ། ཞིབ་སྡུར་དགེ་མཚན་འདོན་སྤེལ་བྱེད་པ། སྤུས་ཚད་ཚོང་རྟགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཚྭ་མཚོ་དང་དག་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས་ཚད་ལྡན་མ་ལག་འཛུགས་སྐྲུན་བྱེད་པ། མཚོ་སྔོན་རྟགས་ཅན་གྱི་ཁུལ་ཁོངས་སྤྱི་ཐུན་ཚོང་རྟགས་མུ་མཐུད་དུ་གསར་སྐྲུན་བྱས་ནས། ཤེས་བྱའི་བདག་དབང་དང་སྤུས་ཚད་མཁོ་འདོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ད་དུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཁེ་ལས་དང་སྡེ་ཁག་ལ་འཚམས་འདྲི་བྱེད་སྐབས་ཀྱི་གནས་ཚུལ་སྙན་ཞུ་བྱས་པར་ཉན།

རིན་ཆེན་མཚོས་བསྒྱུར།