ཞི་ཅིན་ཕིང་གིས་མགོ་འཛིན་མཛད་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས།
2023.11.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ11པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། 《འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བའི་སྐོར་གྱི་སྲིད་ཇུས་བྱེད་ཐབས་འགའི་སྐོར་གྱི་བསམ་འཆར》དང་། 《ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཕྱི་དོན་བྱ་བའི་སྲོལ་ཡིག》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད།

གྲོས་ཚོགས་ལས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་འཐབ་ཇུས་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན། འཐབ་ཇུས་ལག་བསྟར་བྱས་པའི་ཚུན་ལ། བསམ་བློའི་ངོས་འཛིན་དང་སྐྱེ་ཁམས་ཁོར་ཡུག འཕེལ་རྒྱས་གཏོང་སྟངས། ས་ཁོངས་མཉམ་འདྲེས། བཅོས་སྒྱུར་སྒོ་འབྱེད་སོགས་ཀྱི་ཐད་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་འཕར་བ་དང་འཕེལ་རྒྱས་ཀྱི་རྣམ་པ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཅེས་བསྟན།

གྲོས་ཚོགས་ལས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཅིས་ཀྱང་། འབྲི་ཆུའི་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་དགོས། བློ་བརྟན་འགྱུར་མེད་ངང་མཉམ་དུ་སྲུང་སྐྱོང་ཆེན་པོ་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཐད་ཤུགས་ཆེན་པོ་སྣོན་པ་དང་སྐྱེ་ཁམས་ཉེན་མཚམས་ནན་སྲུང་བྱས་ཏེ། ཐཱན་ཉུང་གཏོང་དང་འབག་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་གཏོད་དེ་རང་འགུལ་གྱི་ནུས་པར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་བ་དང་འགྲན་ལམ་གསར་པ་འབད་པས་བཏོད་རྒྱུ་དང་། ས་ཁོངས་གསར་གཏོད་ཀྱི་ཕྲེང་འབྲེལ་མཉམ་འདྲེས་ལ་ཤུགས་སྣོན་པ། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། འབྲི་ཆུའི་འབབ་རྒྱུད་ཀྱི་ཐོན་ལས་བཀོད་སྒྲིག་དང་ཚུལ་སྒྱུར་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་སྔར་ལས་འབྲེལ་མཐུད་ཡག་པོ་ཡོང་བར་བྱེད་རྒྱུ་དང་ཐོན་ཁུངས་གཉིས་བེད་སྤྱོད་ཡག་པོ་བྱས་ཏེ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་ནང་གནས་སྒུལ་ཤུགས་དང་བློ་གཏད་ཆོག་པའི་རང་བཞིན་མངོན་སུམ་གྱིས་ཆེ་རུ་བཏང་ནས། རྒྱལ་སྤྱིའི་འཁོར་སྐྱོད་ཀྱི་འགུག་ཤུགས་དང་སྐུལ་འདེད་གཏོང་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། ཞིང་ཆེན་བར་གྱི་མཉམ་གྲོས་དང་སྐྱེ་ཁམས་མཉམ་བཅོས། ས་ཁོངས་ཡོངས་མཉམ་སྐྲུན། འཕེལ་རྒྱས་མཉམ་སྤྱོད་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ས་ཁོངས་འགྲིམ་འགྲུལ་གཞི་གཅིག་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་དང་། ཁྲོམ་ར་ཅན་གྱི་རྒྱུ་རྐྱེན་གཙོ་བོའི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱས་ནས། རྒྱལ་ཁབ་ཀྱི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བདེ་འཇགས་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོབ་བྱེད་པ་དང་། འབབ་རྒྱུད་ཀྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་ཇེ་ཆེར་བཏང་ནས། ས་ཁོངས་གཅིག་གི་བརྟན་བརླིང་གིས་ཁྱོན་ཡོངས་བདེ་འཇགས་ཡོང་བར་ལེགས་སྐྱེས་འབུལ་དགོས། ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་བྱ་བའི་རྐྱེན་སྲོལ་རྒྱུན་འཁྱོངས་བྱས་ཏེ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གལ་ཆེན་ཁག་གཅིག་ལ་སྐུལ་འདེད་གཏོང་དགོས། འབྲི་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རང་བདག་འགན་འཁྲི་ཏན་ཏིག་ངང་སྒྲུབ་པ་དང་། ལས་དོན་དོན་འཁྱོལ་ལ་ཤུགས་སྣོན་པ། གོམ་པ་རེ་རེ་བཞིན་སྐུལ་འདེད་ཏན་ཏིག་གཏོང་བ། སྙིང་རུས་རྒྱུན་འཁྱོངས་བཅས་བྱས་ནས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་བྱེད་དགོས་ཞེས་ནན་གྱིས་གསུངས།

གྲོས་ཚོགས་ལས《ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཕྱི་དོན་བྱ་བའི་སྲོལ་ཡིག》ནང་ཏང་གིས་ཕྱི་དོན་བྱ་བར་མགོ་ཁྲིད་བྱ་རྒྱུའི་ཐད་གཏན་འབེབས་བྱས་ནས། ཏང་གིས་དུས་ཡུན་རིང་པོའི་ནང་ཕྱི་དོན་བྱ་བར་མགོ་ཁྲིད་བྱེད་པའི་བསམ་ཕྱོགས་དང་འདུ་ཤེས་དང་སྒྲིག་སྲོལ་རྐྱེན་སྲོལ། རྒྱལ་ཁའི་ལག་ལེན་བཅས་ལམ་ལུགས་ཀྱི་གྲུབ་འབྲས་སུ་འགྱུར་བར་བྱ་རྒྱུ་དེ་ནི། ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་སྲིད་ཇུས་དང་འཐབ་ཇུས་བཀོད་སྒྲིག་ནུས་ལྡན་ངང་ལག་བསྟར་བྱ་རྒྱུའི་ངོས་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།

གྲོས་ཚོགས་ལས་ཏང་ཀྲུང་དབྱང་གིས་ཕྱི་དོན་བྱ་བར་གཅིག་བསྡུས་གཅིག་གྱུར་གྱིས་མགོ་ཁྲིད་བྱ་རྒྱུར་སྔར་ལས་ཤུགས་སྣོན་དགོས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་མ་ལག་ཆ་ཚང་ཅན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་གང་མྱུར་གྱིས་གྲུབ་པར་བྱས་ནས། ཕྱི་དོན་བྱ་བ་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་བཅས་སུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་ཇེ་མཐོར་གཏོང་དགོས། སྐྱོད་ལམ་གསར་པའི་སྟེང་གི་ཏང་གི་ཕྱི་དོན་བྱ་བའི་ལས་འགན་ལ་ངོས་འཛིན་གཏིང་ཟབ་བྱས་ནས།  ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་དེ་ཕྱི་དོན་བྱ་བའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོར་ཁྱབ་པར་བྱས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་མཐུན་རྐྱེན་བསྐྲུན་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས་བྱ་བ་གཞན་དག་ལའང་ཞིབ་འཇུག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།