ཞིང་ཆེན་སྲིད་གཞུང་གིས་གཞུང་ལུགས་སློབ་སྦྱོང་ཚོགས་འདུ་བསྡུས།
2023.11.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ11པའི་ཚེས27ཉིན། ཞིང་ཆེན་སྲིད་གཞུང་གིས་གཞུང་ལུགས་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཅིན་ཞིན་གདན་དྲངས་ནས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་དང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་གཙོར་བཟུང་སྟེ་ཟུར་ཁྲིད་སྙན་ཞུ་བྱེད་དུ་བཅུག ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།

ཆེད་དོན་ཟུར་ཁྲིད་ཁྲོད་དུ། ཅིན་ཞིན་གྱིས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སྲོག་ཤིང་བླང་བྱར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་ཐད་འཕྲད་པའི་རྒྱལ་སྤྱིའི་ཁོར་ཡུག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་གྱི་འཐབ་ཇུས་བཀོད་སྒྲིག ཏང་གི་ཕྱི་འབྲེལ་བྱ་བའི་གཞུང་ལུགས་དང་ལག་ལེན་སོགས་ཕྱོགས་ནས་དཔྱད་ཞིབ་ཟུར་ཁྲིད་བྱས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་ལ་གཞི་རྩའི་བསྲུང་བྱ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད། སྲོག་ཤིང་བླང་བྱ་ཁོང་དུ་ཆུད་པར་ཤུགས་བཏོན་ཏེ། མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། གོ་དོན་མཐིལ་རྟོགས་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སྲོག་ཤིང་དོན་སྙིང་དང་ནང་དོན་ཟབ་མོ་རྟོགས་པར་བྱེད་པ་དང་། ཁོང་གི་ཕྱི་འབྲེལ་དགོངས་པའི་ཚན་རིག་རང་བཞིན་དང་། དུས་རབས་རང་བཞིན། སྔོན་ཐོན་རང་བཞིན། ལག་ལེན་རང་བཞིན་བཅས་ཁོང་དུ་ཆུད་པར་བྱས་ཏེ། དེའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་གང་ལེགས་དང་བཀོལ་སྤྱོད་བཟང་པོ་བྱས་ནས། ཐོས་བསམ་སྒོམ་གསུམ་ཟུང་འབྲེལ་དང་།   ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་དགོས། གནས་བབ་དང་སྤྱི་ཡོངས་ངོས་ཟིན་པའི་སྟེང་ཤུགས་འདོན་དགོས་ཏེ། ཡང་དག་པའི་ལོ་རྒྱུས་ལྟ་བ་དང་། སྤྱི་ཡོངས་ལྟ་བ། རང་འགན་ལྟ་བ་བཅས་ཁོང་དུ་ཆུད་པར་བྱེད་པ་དང་བཀོལ་སྤྱོད་བྱེད་དགོས། གནས་བབ་ལ་རྒྱུས་ལོན་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བར་ཤུགས་བསྣན་ཏེ་མདུན་བལྟ་རང་བཞིན་གྱི་བསམ་བློ་གཏོང་བ་དང་། ཡོངས་ཁྱབ་རང་བཞིན་གྱི་འཆར་འགོད་བྱེད་པ། སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་སྒྲུབ་ཐུབ་པར་བྱས་ནས། ལས་དོན་ཁག་སོ་སོ་མུ་མཐུད་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པར་ཤུགས་བཏོན་ཏེ། ཆུ་ཚད་མཐོན་པོའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་། སྔར་ལས་ཡངས་བའི་མཐོང་རྒྱ་དང་སྔར་ལས་སྒོ་འབྱེད་ཀྱི་ཁོག་རྒྱ་བསྐྱེད་པ། སྔར་ལས་ཧུར་ཐག་གི་རྣམ་འགྱུར་འཛིན་དགོས་ཤིང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་རྣམ་པ་ཆེན་པོའི་ཁྲོད་འདྲེས་པར་བྱས་ནས། ཕྱི་ཕྱོགས་སྒོ་འབྱེད་ཀྱི་འཐབ་ཇུས་རྒྱུ་ལམ་བསྐྲུན་པ་དང་། ཕྱི་ཕྱོགས་སྒོ་འབྱེད་སྟེགས་བུ་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། རྒྱལ་སྤྱིའི་མཉམ་ལས་བརྗེ་རེས་ཀྱི་བར་སྟོང་རྒྱ་བསྐྱེད་དགོས་པར་མ་ཟད། ཕྱི་ནང་སྒོ་འབྱེད་རྒྱ་བསྐྱེད་པའི་ཁྲོད་སྒུལ་ནུས་ཇེ་དྲག་ཏུ་གཏོང་བ་དང་དེར་གསོན་ཤུགས་རྒྱས་པར་བྱེད་དགོས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་སྲིད་གཞུང་གི་བཙུགས་གྲུབ་སྡེ་ཁག ཐད་གཏོགས་ལས་ཁུངས། མངགས་གཏོང་ལས་ཁུངས་དང་སྡེ་ཁག་དོ་དམ་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་། ཞིང་ཆེན་མཐོ་རིམ་སློབ་གླིང་གི་འགན་ཁུར་བློ་མཐུན་དང་འབྲེལ་ཡོད་ཁྲུའུ་ཡི་འགན་ཁུར་བློ་མཐུན། ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་གི་མགོ་ཁྲིད་མི་སྣ་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས།

                                                                                                         རིག་འཛིན་སྒྲོལ་མས་བསྒྱུར།