ཟླ11པའི་ཚེས27ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཟུར་ཞུགས་འཐུས་མིའི་ཐུག་འཕྲད་གྲོས་ཚོགས་ཐོག་མ་བསྡུས་པ་དང་། མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་མཱ་ཧྲི་གུང་དང་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ཁ་ཤས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལས་བསྟན་དོན། རྒྱལ་ཡོངས་དང་ཞིང་ཆེན་གྱི་དམངས་ཆེན་འཐུས་མི་གདན་དྲངས་ནས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཟུར་ཞུགས་བྱེད་པ་ནི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཅིག་ཡིན་པས། རྐྱེན་སྲོལ་གྲུབ་པར་བྱེད་པ་དང་མུ་མཐུད་འཐུས་ཚང་དུ་གཏོང་དགོས། ཟུར་ཞུགས་འཐུས་མིས་བློ་རྩེ་གཅིག་སྒྲིམ་བྱས་ཏེ། གྲོས་ཚོགས་ལ་ཞུགས་རྒྱུ་དེ་ཤེས་བྱ་གསར་བ་སློབ་པའི་གོ་སྐབས་ཡག་པོ་ཞིག་དང་། ཆབ་སྲིད་དང་གནས་ཚུལ་ཤེས་རྟོགས་ཀྱི་བརྒྱུད་རིམ་ཞིག འགན་སྒྲུབ་ཁག་ཁུར་གྱི་ནང་དོན་བཅས་སུ་བརྩིས་ནས། བློ་རྩེ་གཅིག་སྒྲིམ་བྱེད་པར་འབད་དགོས། སྒྲིག་ཁྲིམས་བརྩི་སྲུང་བྱས་ཏེ། གྲོས་ཚོགས་ཀྱི་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་། བརྒྱུད་རིམ་ཧྲིལ་བོར་ཞུགས་པ་དང་མགོ་རྔ་ཡོད་པར་བྱེད་དགོས། བློ་འདོན་ཇུས་འབུལ་བྱས་ཏེ། གྲོས་ཚོགས་ཀྱི་གྲོས་རིམ་ཁག་དམིགས་སུ་འཛིན་པ་དང་། རང་ཉིད་ལ་ཆ་རྒྱུས་ཡོད་པ་དང་དོ་སྣང་བྱེད་པའི་ལས་རིགས་ཁྱབ་ཁོངས་ནས་མགོ་བརྩམས་ཏེ། སྤྱི་ཡོངས་ལ་བལྟ་བ་དང་བཅའ་ཁྲིམས་གཞིར་འཛིན་པ། དངོས་གཉེར་གྱི་གཏམ་བཤད་དེ་ཇུས་གཞི་ཡག་པོ་བཏོན་ནས། དམངས་ཀྱི་འདོད་བློ་སྐོང་དགོས། ཞིང་ཆེན་དམངས་ཆེན་ལས་ཁུངས་དེ་མིང་དོན་གཉིས་མཚུངས་ཀྱི་འཐུས་མིའི་གཞིས་ཁྱིམ་དུ་འགྱུར་བར་བྱས་ཏེ། རང་རང་གི་འགན་འཁྲི་ཕྲག་ཏུ་བླངས་ནས། མཐུན་སྦྱོར་གཞོགས་འདེགས་བྱེད་པ་དང་། འཐུས་མིའི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་ཆེད་ཞབས་ཞུའི་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་སོགས་ཀྱི་བླང་བྱ་བཏོན།
ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས་བཤད་རྒྱུར། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྔོན་ལ་ཟུར་ཞུགས་འཐུས་མིའི་ཐུག་འཕྲད་གྲོས་ཚོགས་བསྡུ་བ་ནི། འཐུས་མིའི་འགན་སྒྲུབ་ལ་སྐུལ་འདེད་གཏོང་བའི་གསར་གཏོད་ཀྱི་བྱེད་ཐབས་ཤིག་ཡིན་ལ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འཐུས་མིའི་བྱ་བའི་སྡེ་ཁག་གིས་དམངས་ཆེན་འཐུས་མི་དང་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་པ་བཅས་གཙོ་དོན་དུ་བྱས་ཡོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟུར་ཞུགས་ཁྱབ་ཁོངས་དང་གྲངས་ཀ་རིམ་བཞིན་རྒྱ་བསྐྱེད་པ་དང་། འཐུས་མི་རྣམས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཟུར་དུ་ཞུགས་ནས་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།