ཏེན་ཞུའེ་ཞང་གིས་ཧ་སག་སི་ཐན་ལ་འཚམས་འདྲི་གནང་ནས་ཀྲུང་ཧ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པར་མགོ་འཛིན་གནང་།
2023.11.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ11པའི་ཚེས26ཉིན་ནས་ཚེས27ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཧ་སག་སི་ཐན་ལ་འཚམས་འདྲི་གནང་ནས། སོ་སོར་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་ཡེ་ཧྥུའུ་དང་ཙུང་ལི་སི་མའེ་ལའོ་ཧྥུའུ་ལ་མཇལ་འཕྲད་གནང་བར་མ་ཟད། ཙུང་ལི་གཞོན་པ་དང་པོ་སི་ཁེ་ལི་ཡ་ཨར་དང་ལྷན་དུ་གྲོས་མོལ་གནང་ནས། མཉམ་དུ་ཀྲུང་ཧ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པར་མགོ་འཛིན་གནང་།

ཏེན་ཞུའེ་ཞང་གིས་ཐོ་ཁ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གི་འཆར་འགོད་དང་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཧ་སག་སི་ཐན་བར་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས། ཕྱོགས་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་ཀུན་གྱི་སྔོན་ལ་བསྐྲུན་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཀུན་གྱི་མདུན་གྲལ་དུ་སླེབས་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་ནི་གཅིག་ལ་གཅིག་བརྟེན་གྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་དང་། ལས་དབང་གཅིག་མཐུན་གྱི་འཐབ་ཇུས་ཟླ་གྲོགས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུ་ཁྲིད་སྟོན་དུ་འཛིན་རྒྱུ་དང་། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཡུན་རིང་འཐབ་ཇུས་རོགས་རེས་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོ་བ་དང་བར་སྟོང་སྔར་ལས་ཡངས་པའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཐོ་ཁ་ཡེ་ཧྥུའུ་ཡིས་ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ་ནི་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་བདེ་ལེགས་ངང་སྤེལ་བར་རྟེན་འབྲེལ་ཞུས་པ་ཡིན་ལ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ཀྲུང་གོའི་ཁེ་ལས་ཧ་སག་སི་ཐན་དུ་ཡོང་ནས་དངུལ་གཏོང་ལས་སྐྲུན་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། “ངན་ཤུགས་གསུམ”ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་། མི་གཞུང་རིག་གནས་བརྗེ་རེས་དང་ས་གནས་ཀྱི་མཉམ་ལས་ཇེ་དམ་དུ་བཏང་ནས། ཧ་སག་སི་ཐན་དང་ཀྲུང་གོའི་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཏེན་ཞུའེ་ཞང་གིས་སི་མའེ་ལའོ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ནི་མཛའ་བརྩེ་ཟབ་མོ་ལྡན་པའི་ཁྱིམ་མཚེས་དང་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ། ཕན་ཚུན་རོགས་སྐྱོར་བྱེད་པའི་ཟླ་གྲོགས་བཅས་ཡིན། ད་ལོ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཐོ་ཁ་ཡེ་ཧྥུའུ་ལ་མཇལ་འཕྲད་ཐེངས་གཉིས་གནང་ནས། ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གསར་པ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ཏེ། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ནས་མདུན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

སི་མའེ་ལའོ་ཧྥུའུ་ཡིས་ཧ་སག་སི་ཐན་དང་ཀྲུང་གོའི་བར་མཛའ་བརྩེ་ཟབ་མོ་དང་ཡིད་ཆེས་བརྟན་པོ་ཡོད་པའི་དབང་གིས། རྒྱལ་ཁབ་གཉིས་ཀའི་མཐོ་རིམ་འགྲོ་འོང་དམ་ཟབ་བྱུང་བ་དང་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ། ཧ་སག་སི་ཐན་དང་ཀྲུང་གོའི་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་སྔར་ལས་ཤུགས་བསྣན་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་མུ་མཐུད་རྒྱ་སྐྱེད་གཏོང་འདོད་ཡོད་ཅེས་བསྟན།

ཚེས27ཉིན། ཏེན་ཞུའེ་ཞང་གིས་སི་ཁེ་ལི་ཡ་ཨར་དང་མཉམ་དུ། ཀྲུང་ཧ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པར་མགོ་འཛིན་བྱས། ཚོགས་ཐོག་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཐོབ་པའི་འཕེལ་རིམ་ལ་ཕྱོགས་ཡོངས་ནས་གདེང་འཇོག་གང་ལེགས་བྱས་པ་དང་། ནུས་ཁུངས་དང་དཔལ་འབྱོར་ཚོང་དོན། དངུལ་རྩ། འགྲིམ་འགྲུལ། ཚན་རྩལ། མི་གཞུང་རིག་གནས། ཁོར་ཡུག་སྲུང་སྐྱོབ། བདེ་འཇགས་སོགས་ཀྱི་གྲོས་གཞིར་དམིགས་ཏེ་བསམ་འཆར་བརྗེ་རེས་གང་ལེགས་བྱས་པར་མ་ཟད། དུས་རིམ་རྗེས་མའི་མཉམ་ལས་གཙོ་གནད་ལ་འཆར་འགོད་ཀྱང་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།