ལིས་ཆང་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་ཕྲེང་འབྲེལ་ལ་སྐུལ་འདེད་གཏོང་བའི་དངོས་མང་འགྲེམས་ཚོགས་སྐབས་དང་པོའི་མགོ་རྩོམ་མཛད་སྒོ་དང་འཛམ་གླིང་ཧྲིལ་པོའི་མཁོ་སྤྲོད་ཕྲེང་འབྲེལ་གསར་གཏོད་འཕེལ་རྒྱས་གླེང་སྟེགས་ལ་ཞུགས།
2023.11.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 172

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ11ཚེས28ཉིན་པེ་ཅིང་དུ། ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་ཕྲེང་འབྲེལ་ལ་སྐུལ་འདེད་གཏོང་བའི་དངོས་མང་འགྲེམས་ཚོགས་སྐབས་དང་པོའི་མགོ་རྩོམ་མཛད་སྒོ་དང་། འཛམ་གླིང་ཧྲིལ་པོའི་མཁོ་སྤྲོད་ཕྲེང་འབྲེལ་གསར་གཏོད་འཕེལ་རྒྱས་གླེང་སྟེགས་ལ་ཞུགས་ནས་བརྗོད་དོན་གསུང་བཤད་གནང་།

ལིས་ཆང་གིས་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་ཕྲེང་འབྲེལ་ལ་སྐུལ་འདེད་གཏོང་བའི་དངོས་མང་འགྲེམས་ཚོགས་ནི་འཛམ་གླིང་ཧྲིལ་པོའི་མཁོ་སྤྲོད་ཕྲེང་འབྲེལ་བརྗོད་དོན་ཡིན་པའི་རྒྱལ་ཁབ་རིམ་པའི་འགྲེམས་ཚོགས་ཐོག་མ་དེ་རེད། མིག་སྔར་འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པར་དཀའ་ངལ་དང་འཕྲད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་པ་ནང་བཞིན། འཛམ་གླིང་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་གྱི་མཉེན་གཤིས་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱ་རྒྱུ་ནི། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཡིན། འཛམ་གླིང་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་གྱི་མཉམ་ལས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་དེར་ཤུགས་སྣོན་རྒྱུ་ནི། ཕྱོགས་སོ་སོའི་ཁེ་ཕན་དང་དམ་པོར་འབྲེལ་བའི་ཁ་ཚ་དགོས་གཏུགས་ཀྱི་རེ་ལྟོས་ཤིག་ཀྱང་ཡིན། ཀྲུང་གོས་ཕྲེང་འབྲེལ་དངོས་མང་འགྲེམས་ཚོགས་གཉེར་བ་ནི། དུས་རབས་ཀྱི་འབོད་སྐུལ་དང་བསྟུན་ནས་ཕྱོགས་སོ་སོའི་བརགྱི་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འཕེལ་རྒྱས་དོན་གཉེར་བྱེད་པ་བཅས་ཀྱི་རྒྱལ་སྤྱི་ཅན་གྱི་སྟེགས་བུ་ཞིག་བསྐྲུན་ཆེད་ཡིན་ཞེས་གསུངས།

ལིས་ཆང་གིས་ཐོན་ལས་ཕྲེང་འབྲེལ་སྐོར་གྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་གྲོས་གཞི་བཞི་བཏོན་པ་སྟེ། གཅིག་ནས་བདེ་འཇགས་དང་བརྟན་བརླིང་གི་ཐོན་ལས་ཕྲེང་འབྲེལ་མཉམ་སྐྲུན་བྱེད་དགོས། གཉིས་ནས་གེགས་མེད་དང་ཕན་འབྲས་ཆེ་བའི་ཐོན་ལས་ཕྲེང་འབྲེལ་མཉམ་སྐྲུན་བྱེད་དགོས། གསུམ་ནས་སྒོ་འབྱེད་ཁོང་ཡངས་ཀྱི་ཐོན་ལས་ཕྲེང་འབྲེལ་མཉམ་སྐྲུན་བྱེད་དགོས། བཞི་ནས་གཉིས་ཕན་མཉམ་རྒྱལ་གྱི་ཐོན་ལས་ཕྲེང་འབྲེལ་མཉམ་སྐྲུན་བྱེད་དགོས།

དེའི་རྗེས་སུ་ལིས་ཆང་གིས་ཀྲུང་གོ་རྒྱལ་སྤྱིའི་ཕྲེང་འབྲེལ་དངོས་མང་འགྲེམས་ཚོགས་སྐབས་དང་པོ་དངོས་སུ་སྤེལ་བ་ཁྱབ་སྒྲོག་གནང་།

ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙའོ་ཁི་དང་ཝུ་ར་ཀུའེ་ཡི་ཙུང་ཐུང་ལཱ་ཁ་ལེ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་སྣ་དབྱི་ཝེ་ལ། མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་འཕེལ་རྒྱས་ཚོགས་འདུའི་དྲུང་ཡིག་ཆེན་མོ་ཀི་ལིན་སི་ཕན་སོགས་ཀྱིས་མགོ་རྩོམ་མཛད་སྒོར་བརྙན་ལམ་ནས་ཤིས་ཚིག་ཕུལ།

དབྱིན་ལིས་དང་ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།