ཟླ11པའི་ཚེས27ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ནས་ཐུན་མོང་སློབ་སྦྱོང་ཐེངས་བཅུ་པ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུན་མོང་སློབ་སྦྱོང་ལ་མགོ་འཛིན་གནང་སྐབས། ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་ནི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཕུགས་ཀྱི་དགོས་མཁོ་ཡིན་ལ། ཆུ་ཚད་མཐོ་བའི་ངང་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་ཕྱི་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་ཀྱང་ཡིན། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་གང་ལེགས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་སྔར་ལས་གང་ལེགས་བྱེད་པའི་མཐོ་ཚད་ནས། ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་ལས་དོན་ཡག་པོར་སྒྲུབ་པའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱི་བླང་བྱ་དང་འཚམ་པའི། ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་མ་ལག་དང་ནུས་པ་འཛུགས་སྐྲུན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བརླིང་ངང་ཕུགས་རྒྱང་རིང་བོའི་ཕྱོགས་སུ་བསྐྱོད་པར་ཁྲིམས་སྐྱོང་གི་མཐུན་རྐྱེན་དང་ཕྱི་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་ནན་གྱིས་གསུངས།
ཝུའུ་ཧན་སློབ་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ་ཧོང་ཧོས་ཁང་གིས་གནད་དོན་དེའི་ཐད་འགྲེལ་བཤད་བྱས་ནས་བྱ་བའི་གྲོས་གཞི་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་ངང་ཉན་ཏེ་གྲོས་བསྡུར་བྱས།
ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བཅའ་ཁྲིམས་ནི་སྤྱི་ཚོགས་ཀྱི་འཚོ་བ་དང་རྒྱལ་ཁབ་སྐྱོང་བའི་ཚད་གཞི་ཞིག་ཡིན། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ལམ་ལུགས་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་གི་རྨང་གཞི་ཞིག་ཀྱང་ཡིན་པས། དེས་རྩ་བ་བརྟན་འཛུགས་དང་སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་གལ་ཆེན་འདོན་བཞིན་ཡོད། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་བགྲོད་ལམ་གསར་པའི་སྟེང་དུ། ངེས་པར་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དགེ་མཚན་སྔར་ལས་ཆེ་བའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས། རང་རྒྱལ་གྱི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་དང་འབྲེལ་བ་ཡོད་ཅིང་། རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་དང་ཕྱི་འབྲེལ་ལས་དོན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་རྩ་བའི་དམིགས་ཡུལ་ནི། ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་ཡར་ཐོན་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་པས། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བགྲོད་ལམ་སྟེང་བསྐྱོད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལས་དོན་ནི་ཁྱབ་རྒྱ་ཆེ་ཞིང་མཉམ་འགུལ་རང་བཞིན་ཆེ་ལ། བརྒྱུད་རིམ་ལྡན་པའི་བཟོ་བཀོད་ཅིག་ཡིན་པས། ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིར་སྤྱི་འདོམས་གང་ལེགས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ། རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་ཁྱོན་ཡོངས་ཀྱི་རང་བཞིན་གྱི་འཆར་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་རྒྱུན་འཁྱོངས་བྱེད་པ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛུགས་དང་ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་། བཅའ་ཁྲིམས་ཞབས་ཞུ་བཅས་ལ་སྐུལ་འདེད་བཏང་སྟེ། ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་ལས་དོན་གྱི་མཐུན་སྦྱོར་ཆེན་པོའི་རྣམ་པ་ཞིག་གྲུབ་པར་བྱེད་དགོས། ཁྲིམས་འཛུགས་སྔོན་ལ་འཛིན་རྒྱུ་དང་། ཁྲིམས་འཛུགས་དང་ཁྲིམས་བཅོས། ཁྲིམས་འདོར་ལེན། ཁྲིམས་འགྲེལ་བཅས་མཉམ་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མ་ལག་ཆ་ཚང་བའི་ཕྱི་ཕྱོགས་དང་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་གྲུབ་པར་བྱེད་དགོས། གཞོགས་འདེགས་ནུས་ཆེ་ཡི་ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་ལག་བསྟར་མ་ལག་འཛུགས་པ་དང་། ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་འཛིན་གྱི་ཕན་ནུས་སྔར་ལས་ཆེ་རུ་གཏོང་བ། ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་འཛིན་འདྲི་གཅོད་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་སྔར་ལས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཕྱི་ཕྱོགས་དང་འབྲེལ་བའི་བཅའ་ཁྲིམས་ཀྱི་ཞབས་ཞུའི་ཆུ་ཚད་སྔར་ལས་འཕེལ་རྒྱས་གང་ལེགས་གཏོང་དགོས་པ་དང་། རྒྱལ་སྤྱིའི་སྟེང་འདུམ་གཅོད་ལས་ཁུངས་དང་ཁྲིམས་རྩོད་པའི་ལས་གཉེར་ཁང་ལེགས་ཤོས་ཁག་གཅིག་གསོ་སྐྱོང་བྱེད་དགོས། ཁྲིམས་བསྟར་ཁྲིམས་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། གཞུང་ཚབ་སྲུང་སྐྱོབ་དང་དེར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས། རང་རྒྱལ་གྱི་རྒྱལ་ཕྱིའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་སྐྱོང་གི་འབྲེལ་ཐག་འཛུགས་དགོས། ཁྲིམས་དང་མཐུན་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས། རང་རྒྱལ་གྱི་སྤྱི་དམངས་དང་ཁེ་ལས་ཀྱིས“ཕྱིར་བསྐྱོད་པའི”གོ་རིམ་ཁྲོད་རང་འགུལ་ངང་ས་གནས་དེ་གའི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་སྲུང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ཁྲིམས་སྐྱོང་དང་སྒྲིག་སྲོལ་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱས་ནས། རང་འགུལ་ངང་རྒྱལ་སྤྱིའི་སྒྲིག་སྲོལ་གཏན་འབེབས་བྱེད་པར་འབད་པས་ཞུགས་ཏེ། རྒྱལ་སྤྱིའི་འབྲེལ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་ཁྲོད་འབད་པས་ཞུགས་ནས། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་དེ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་སྤྱིའི་ཁྲིམས་བཟང་ལ་བརྟེན་ནས་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རོགས་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཁྲིམས་སྐྱོང་དེ་སྒོ་འབྱེད་དང་མཉམ་དུ་སྤེལ་རྒྱུ་དང་། ཕྱི་ཕྱོགས་སྒོ་འབྱེད་ལ་སྔར་ལས་སྐུལ་འདེད་བཏང་བ་ཡིན་ན། ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་དགོས། ཁྲིམས་སྐྱོང་གི་རྨང་གཞིའི་སྟེང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྒོ་མོ་འབྱེད་རྒྱ་སྔར་ལས་ཆེ་རུ་གཏོང་བའི་ཁྲོད། ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ཁྲིམས་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས། ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་ཤིག་ཡིན་པས། ཕྱི་གསལ་ནང་གསལ་གྱི་ཕྱི་འབྲེལ་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་ཕྱི་ཕྱོགས་དངུལ་གཏོང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྒྲིག་སྲོལ་རིགས་གཉིས་བེད་སྤྱོད་ཡག་པོ་གཏོང་བ་བཅས་བྱས་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་དགོས། རང་རྟོགས་ངང་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་བསྡུ་ལེན་ཧུར་ཐག་བྱེད་རྒྱུ་དང་། ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་སྐྱེད་གཏོང་བ། ཚོང་དོན་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་འཛུགས་དགོས། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལ་དཔེ་བལྟས་ཏེ། རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་སོགས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་བྱེད་ཐབས་ནུས་ལྡན་དང་ཉམས་མྱོང་ལེགས་པོ་དུས་ཐོག་ཏུ་བཅའ་ཁྲིམས་སུ་བསྒྱུར་ཏེ། སྒོ་འབྱེད་པའི་བང་རིམ་སྔར་ལས་མཐོ་བ་དང་ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་པ། ཁྱབ་འགྱེད་ཀྱི་ནུས་པ་སྔར་ལས་ཆེ་བ་བཅས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མཐོ་ས་བསྐྲུན་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་སྒོ་འབྱེད་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། ཕྱི་རྒྱལ་གྱི་མིས་ཀྲུང་གོ་རུ་འཚོ་བ་སྐྱེལ་སྐབས་ཀྱི། སྟབས་བདེ་འཚོ་བའི་ཞབས་ཞུའི་བྱེད་ཐབས་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཆེད་ལས་འཇོན་མི་གསོ་སྐྱོང་དང་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཀུན་སྤྱོད་བཟང་པོར་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། རིག་གཞུང་ཚན་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་ལུགས་རིག་པའི་སློབ་གསོ་གང་ལེགས་སྒོས་གཉེར་བ། ལག་ལེན་ཁྲིད་སྟོན་དུ་འཛིན་པའི་གསོ་སྐྱོང་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་ཆེད་ལས་ཀྱི་བྱང་ཚད་མཐོ་བ། རྒྱལ་སྤྱིའི་སྒྲིག་སྲོལ་ཁོང་དུ་ཆུད་པ། ཕྱི་ཕྱོགས་དང་འབྲེལ་བའི་བཅའ་ཁྲིམས་ཀྱི་ལས་དོན་ལ་བྱང་ཆུབ་པ་བཅས་ཀྱི་ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་འཇོན་མི་ཁག་ཅིག་གང་མགྱོགས་ཀྱིས་གསོ་སྐྱོང་བྱེད་དགོས། འཇོན་མི་ནང་འདྲེན་དང་གདམ་གསེས། བཀོལ་སྤྱོད། དོ་དམ་བཅས་ཀྱི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་དང་། ཕྱི་རྒྱལ་དང་འབྲེལ་བའི་འཇོན་མི་རྩེ་གྲ་གསོ་སྐྱོང་དང་གྲ་སྒྲིག་ཡག་པོ་བྱེད་དགོས། ཕྱི་ཕྱོགས་དང་འབྲེལ་བའི་ལས་བྱེད་པའི་དཔུང་སྡེ་ཡི་ཁྲིམས་སྐྱོང་ནུས་པ་འཛུགས་སྐྲུན་བྱེད་ཤུགས་མངོན་སུམ་གྱིས་ཆེ་རུ་བཏང་ནས། བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་བྱ་བའི་དཔུང་སྡེ་ཞིག་བསྐྲུན་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཀུན་གྱི་སྣེ་ཁྲིད་དེ། བཅའ་ཁྲིམས་ལ་བརྩི་འཇོག་དང་བཅའ་ཁྲིམས་སློབ་སྦྱོང་། བཅའ་ཁྲིམས་སྲུང་བ། བཅའ་ཁྲིམས་སྤྱོད་པ་བཅས་བྱས་ནས། ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་ལྟར་ལས་དོན་སྒྲུབ་པའི་ནུས་པ་ཏན་ཏིག་ངང་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཁྲིམས་སྐྱོང་གི་གདེང་ཚོད་སྔར་ལས་ཇེ་བརྟན་དུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་འདུ་ཤེས་དང་འདོད་ཚུལ། ལག་ལེན་གྲུབ་འབྲས་ཅན་བཅས་ལ་འགྲེལ་བཤད་གང་ལེགས་བརྒྱབ་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྲིམས་སྐྱོང་གཏམ་རྒྱུད་ཡག་པོ་འཆད་དགོས། ཕྱི་ཕྱོགས་དང་འབྲེལ་བའི་མདུན་གྲལ་ཅན་གྱི་ཁྲིམས་སྐྱོང་གཞུང་ལུགས་དང་ལག་ལེན་ཞིབ་འཇུག་བྱེད་ཡུལ་ལ་ཤུགས་སྣོན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་པའི་ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་གཞུང་ལུགས་ཀྱི་མ་ལག་དང་སྐད་ཆའི་མ་ལག་བཙུགས་ཏེ། རང་རྒྱལ་གྱི་ཁྲིམས་སྐྱོང་རྒྱལ་ཁབ་ཆེན་པོ་དང་དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཆེན་པོའི་སྣང་བརྙན་མངོན་པར་བྱེད་དགོས། ཀྲུང་ཧྭའི་ཁྲིམས་ལུགས་ལ་ལོ་རྒྱུས་རིང་བོ་ལྡན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་ལ་ཁྲིམས་སྐྱོང་བསམ་བློ་ཕུན་སུམ་ཚོགས་པ་དང་ཆབ་སྲིད་ཀྱི་བློ་གྲོས་ཟབ་མོ་ལྡན་པས། ཀྲུང་ཧྭའི་རིག་གནས་ཀྱི་གཅེས་ནོར་ལྟ་བུ་ཡིན། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་གསར་གཏོད་རང་བཞིན་གྱི་ཚུལ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གང་ལེགས་བཏང་ནས། ཀྲུང་ཧྭའི་ཁྲིམས་སྐྱོང་ཤེས་རིག་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཏེ། དབྱར་མཚོ་རྒྱས་པ་བཞིན་འཕེལ་བར་བྱེད་དགོས་ཞེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།