ཞི་ཅིན་ཕིང་གིས་“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”དྲན་གསོའི་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2023.11.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ11པའི་ཚེས29ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”དྲན་གསོའི་ཚོགས་ཆེན་བསྡུས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཕ་ལེ་སི་ཐན་གྱི་གནད་དོན་ནི་དབུས་ཤར་གནད་དོན་གྱི་ལྟེ་བ་ཡིན་པ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འབྲེལ་བ་ཡོད། ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གདོང་ཐུག་གི་འགག་རྩ་ནི་ཕ་ལེ་སི་ཐན་མི་དམངས་ཀྱིས་ཡུན་རིང་རང་བཙན་ངང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཁྲིམས་མཐུན་གྱི་མི་རིགས་ཁེ་དབང་མངོན་འགྱུར་བྱེད་ཐབས་བྲལ་བར་ཐུག་ཡོད། ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གདོང་ཐུག་ཡང་ཡང་བྱུང་བའི་ཡ་ང་བའི་བསླབ་བྱ་ལས་ཐུན་མོང་བདེ་འཇགས་ཀྱི་འདུ་ཤེས་བཟུང་ཚེ་གཞི་ནས་རྒྱུན་མཐུད་བདེ་འཇགས་ཡོང་ཐུབ་པ་གསལ་བཤད་བྱས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མྱུར་མོར་བྱེད་ཐབས་སྤྱོད་དགོས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འགན་འཁྲི་ནན་མོ་ཁུར་ནས་ནུས་ཤུགས་ཡོད་རྒུས་དམག་འཁྲུག་མཚམས་འཇོག་རྒྱུར་སྐུལ་འདེད་གཏོང་བ་དང་། མི་སེར་དཀྱུས་མའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ། མི་ཆོས་ཀྱི་གནོད་འཚེར་བཀག་འགོག་བཅས་བྱེད་དགོས། རྨང་གཞི་དེའི་ཐོག་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་ཞི་བའི་གྲོས་མོལ་གང་མགྱོགས་སྒོས་སླར་གསོ་བྱས་ནས་ཕ་ལེ་སི་ཐན་མི་དམངས་ཀྱི་རྒྱལ་འཛུགས་དབང་ཆ་དང་། འཚོ་གནས་དབང་ཆ། ཚུར་ལོག་དབང་ཆ་བཅས་སྔ་མོ་ནས་མངོན་འགྱུར་ཡོང་བར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་དྲང་བདེན་བྱ་གཞག་ལ་ཀྲུང་གོས་སྔ་ཕྱི་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་ནི1967ལོའི་མཐའ་མཚམས་རྨང་གཞིར་བྱེད་པ་དང་། ཡེ་ལུའུ་ས་ལེམ་ཤར་མ་རྒྱལ་སར་བྱེད་པ། བདག་དབང་ཆ་ཚང་ལོངས་སྤྱོད་བྱེད་པ་བཅས་ཀྱི་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་རྒྱུ་དེ་རེད། ཕ་ལེ་སི་ཐན་གྱི་དཔལ་འབྱོར་དང་དམངས་ཚིས་དགོས་མཁོར་འགན་ལེན་བྱེད་དགོས་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་གྱི་འཕེལ་རྒྱས་ལ་རོགས་སྐྱོར་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞི་བའི་གྲོས་མོལ་གྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་དབང་གྲགས་སྔར་ལས་ཆེ་བའི་རྒྱལ་སྤྱིའི་ཞི་བདེའི་ཚོགས་འདུ་བསྡུ་དགོས། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་བཏོན་ནས་ཕན་ཚུན་བར་བརྗེ་རེས་དང་གྲོས་མོལ་བྱས་པ་བརྒྱུད་དེ། རྒྱལ་ཁབ་བར་གྱི་མི་མཐུན་པའི་ཆ་དང་རྩོད་གཞི་ཐག་གཅོད་བྱ་རྒྱུའི་འདོད་ཚུལ་འཛིན་གྱིན་ཡོད་པར་མ་ཟད། ཞི་བའི་ངང་ཉམས་ཉེན་ཐག་གཅོད་བྱ་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན།  ཕ་ལེ་སི་ཐན་གྱི་གནད་དོན་ཐད་ནས་ཀྲུང་གོས་མུ་མཐུད་དུ་བདེན་ལུགས་རྒྱུན་འཁྱོངས་བྱེད་པ་དང་ཞི་མཐུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། སྔར་སྲོལ་བཞིན་ཕ་ལེ་སི་ཐན་ཕྱོགས་ལ་མི་ཆོས་དང་འཕེལ་རྒྱས་སོགས་ཀྱི་རོགས་སྐྱོར་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས་ཀྲུང་གོས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་སྤྱིའི་སྐུལ་འདེད་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་ཕ་ལེ་སི་ཐན་གྱི་གནད་དོན་དེ“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”ཡི་ཡང་དག་བགྲོད་ལམ་སྟེང་ཡང་བསྐྱར་བསྐྱོད་པར་སྐུལ་འདེད་བཏང་ནས། ཁྱོན་ཡོངས་དང་དྲང་གཞག རྒྱུན་སྲིང་བཅས་ཀྱི་སྒོ་ནས་འགལ་བ་ཡོད་ཚད་སྔ་མོ་ནས་ཐག་གཅོད་བྱེད་འདོད་ཡོད།